
སྤྱི་ཟླ་ ༩ པའི་ཚེས་ ༥ ལུ་ འབྲུག་གི་རྒྱལ་ཡོངས་ཞབས་ཏོག་ རྒྱལ་སྲུང་ལས་རིམ་དེ་ དབང་འདུས་ཕོ་བྲང་ མཁོ་ཐང་ཁ་དང་ བསམ་གྲུབ་ལྗོངས་མཁར་ པདྨ་ཐང་ མོང་སྒར་རྒྱལ་པོའི་ཞིང་ བསམ་རྩེ་རྒྱ་མཚོ་གླིང་ཚུ་ནང་ དུས་མཉམ་སྦེ་ འགོ་འབྱེད་རྟེན་འབྲེལ་མཛད་ནུག།
དེ་ཡང་ བསམ་རྩེ་རྒྱ་མཚོ་གླིང་ལུ་ རྒྱལ་སྲུང་སྦྱོང་བརྡར་གྱི་ འགོ་འབྱེད་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་མཛད་གནང་ཡོདཔ་མ་ཚད་ རྒྱལ་སྲུངཔ་ཚུ་ལུ་ གསུང་བཤད་ཅིག་ཡང་ གནང་ཡོདཔ་ཨིན་པས།
དེ་བསྒང་ མི་དབང་མཆོག་གིས་ དམག་སྡེ་ཚུ་གིས་ བསྟོད་པར་འོས་པའི་ དད་དམ་དང་ བློ་སྟོབས་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་དང་ རྒྱལ་ཡོངས་ཞབས་ཏོག་དེ་ མཐར་འཁྱོལ་ཅན་སྦེ་ བཟོ་ཚུགས་པའི་ ཐུགས་གཏད་ཡོད་ཟེར་ གསུངས་གནང་ནུག།
དེ་མ་ཚད་ མི་དབང་མཆོག་གིས་ རྒྱལ་སྲུང་ལས་བྱེད་སྡེ་ཚན་ གཙོ་བོ་དང་ ལྷན་ཁག་ དེ་ལས་ ལས་ཁུངས་དང་ ཞི་གཡོགཔ་ འབྲུག་གི་མི་སེར་ཚུ་དང་ ལྷག་པར་དུ་ རྒྱལ་སྲུངཔ་ཚུ་གི་ ཕམ་ཚུ་ལུ་ཡང་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་གནང་ཡོདཔ་ཨིན་པས།
རྒྱལ་ཡོངས་ཞབས་ཏོག་དེ་ ང་བཅས་རའི་ བློ་སྟོབས་དང་ འགྱུར་ཁྱད་ དད་གུས་ དྲང་བདེན་ཚུ་ལུ་ གཞི་བརྟེན་འབདཝ་མ་ཚད་ ང་བཅས་རའི་ སྒྲིག་ལམ་དང་ ལམ་སྲོལ་ བརྩི་མཐོང་ཚུ་ལུ་ཡང་ གཞི་བརྟེན་འབདཝ་ཨིན་ཟེར་ གསུངས་གནང་པའི་ཁར་ མ་འོངས་པ་ལུ་ འབྲུག་གི་གནས་སྟངས་ཀྱི་ མཐོང་སྣང་དང་ གནས་སྟངས་དེ་ཚུ་ འགྲུབ་ནི་གི་ དམིགས་གཏད་ལུ་ཡང་ གཞི་བརྟེན་འབདཝ་ཨིན་ཟེར་ གསུངས་གནང་ནུག།
མི་དབང་མངའ་ཞབས་མཆོག་གིས་ ང་བཅས་ཀྱིས་ སྟབས་ལེགས་སྟེས་དབང་གུ་ བཞག་ནི་མིན་པར་ ང་བཅས་ཀྱིས་ བཀོད་སྒྲིག་ཐོག་ལུ་འབད་ནི་དེ་ སྐྱབས་མགོན་བཟུམ་ཅིག་ཨིན་ཟེར་ཡང་ གསུངས་གནང་ཡོདཔ་ཨིན་པས།
ད་རེས་ཀྱི་ དུས་སྐབས་འདི་ འབྲུག་གི་རྒྱལ་རབས་ནང་ ཨ་རྟག་དང་མ་འདྲ་བའི་ ཁྱད་པར་ཅན་ཅིག་ཨིནམ་ད་ དེ་ཡང་ ད་རེས་ ང་བཅས་ཀྱིས་ གྲོས་ཐག་ཆོད་མི་དང་ ལག་ལེན་འཐབ་མི་ཚུ་གིས་ འབྲུག་གི་མ་འོངས་པའི་ དུས་རབས་ནང་གི་ སྒྲིང་གཞི་དང་ རང་དབང་ ངེས་གཏན་བཟོ་ནི་དང་ ཕ་བརྒྱུད་བུ་བརྒྱུད་སྦེ་ བསྐལཔ་མ་སྟོང་གི་བར་ན་ གནས་ནི་ཨིན་ཟེར་ གསུངས་གནང་ནུག།
མི་དབང་མཆོག་གིས་ ང་བཅས་རའི་ མ་འོངས་པ་དེ་ ཉེན་སྲུང་དང་ལྡམ་སྦེ་ བཟོ་ནིའི་དོན་ལུ་ འབྲུག་རྒྱལ་ཁབ་འདི་ མི་རློབས་ཐེར་འབུམ་ ༢ འབད་མིའི་བར་ན་ འབྲེལ་དོན་ཅན་གྱི་ རྒྱལ་ཁབ་ཅིག་ལུ་ བསྒྱུར་ནི་གི་ དམིགས་དོན་ཡོདཔ་ད་ རང་ལུ་མི་རློབས་མེད་མི་དེ་ རིག་རྩལ་དང་ མཉམ་འབྲེལ་ སྒྲིག་འཛིན་ དེ་ལས་ འཛམ་གླིང་སྤྱིའི་གནས་སྟངས་ཚུ་ ཕྲ་ཞིང་ཕྲ་བ་སྦེ་ ཧ་གོ་ཚུགསཔ་འབད་དེ་ ང་བཅས་རའི་ རང་དབང་ཅན་གྱི་ ཐོབ་ལམ་ཚུ་གི་ ཁེ་ཕན་ཡོངས་རྫོགས་ དྲན་གསལ་གྱི་སྒོ་ལས་ ལེན་དགོ་ཟེར་ཨིན་པས།
དེ་ལས་ ང་བཅས་ཀྱིས་ ང་བཅས་རའི་ རྒྱལ་ཁབ་ལུ་ བརྩེ་བ་ཡོདཔ་དང་ ང་བཅས་ཆ་ཁྱབ་ལུ་ འབྲུགཔ་ཟེར་བའི་ དཔལ་ཉམས་ཡོད་པའི་གུ་ འདི་བ་ཡང་ལྷགཔ་སྦེ་འབད་ཚུགས་པའི་ ཡིད་ཆེས་ཡོད་ལུགས་ གསུངས་གནང་པའི་ཁར་ འཛམ་གླིང་ནང་ ང་བཅས་དང་ ང་བཅས་རའི་ ལྕོགས་གྲུབ་ཚུ་ མ་མཐོང་པར་ཡོད་མི་ཚུ་ བཏོན་ནི་གི་ ཀུན་སློང་ཡང་ཨིན་ཟེར་ གསུངས་གནང་ནུག།
དེ་མ་ཚད་ མི་དབང་མཆོག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ ང་བཅས་ཀྱིས་ མདུན་སྤོ་འབད་མི་ གོམ་ཚད་གྲངས་ར་ ང་བཅས་རའི་ ངོ་རྟགས་དང་ ལྕོགས་གྲུབ་ བཙན་ཐབས་ ཁ་སྐོང་ཐོག་ལས་ མ་འོངས་པའི་ ལེགས་ལམ་གྱི་དོན་ལུ་ འབྱོར་པ་དང་ བརྟན་གཞི་གཅིག་ཁར་ མཐུན་སྒྲིག་འབད་དེ་ཡོད་ཟེར་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ འཕྲལ་འཕྲལ་ར་ འབྱོན་ནི་ཨིནམ་སྦེ་ ཞལ་གྱིས་བཞེས་ནི་དང་འབྲེལ་ རྒྱལ་སྲུངཔ་ཚུ་གིས་ གྲུབ་འབྲས་ལེགས་ཤོམ་སྦེ་ གཏོན་ཚུགས་པའི་ བརྩི་མཐོང་གི་སྒོ་ལས་ རང་སོའི་རྒྱུད་ལུ་ འགྱུར་བ་རྒྱ་ཆེ་ཏོག་ཏོ་སྦེ་འཐོན་པའི་ ཡིད་ཆེས་ཡང་ཡོད་ཟེར་ གསུངས་གནང་ནུག།
དེ་བསྒང་ མི་དབང་མཆོག་གིས་ རྒྱ་གར་གྱི་ བློན་ཆེན་མོ་དི་དང་ རྒྱ་གར་གཞུང་གིས་ གལ་ཆེ་བའི་ རྒྱབ་སྐྱོར་དང་ སེམས་སྐུལ་ དེ་ལས་ ཕན་ཐབས་ཚུ་འབད་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཡང་ གསུངས་གནང་ཡོདཔ་ཨིན་པས།
རྒྱལ་སྲུང་སྡེ་ཚན་དང་པའི་ནང་ རྒྱལ་སྲུངཔ་ ༢,༠༠༠ ལྷགཔ་ཅིག་ཡོདཔ་ད་ ཁོང་གི་ཟླཝ་ ༣ གྱི་ སྦྱོང་བརྡར་དེ་ སྤྱི་ཟླ་ ༩ པའི་ཚེས་ ༥ ལས་ འགོ་བཙུགས་ནུག།
སྦྱོང་བརྡར་གྱི་ དུས་ཡུན་ནང་ རྒྱལ་སྲུངཔ་ཚུ་ལུ་ དམག་སྦྱོང་དང་ མཉམ་འབྲེལ་ཐོག་ལུ་ རྒྱལ་ཡོངས་ཤེས་ཡོན་དང་ སྒྲིག་ལམ་རྣམ་གཞག་ ཆོས་བཤད་ལས་རིམ་ འགོ་ཁྲིད་གོང་འཕེལ་ འཚོ་རྟེན་རིག་རྩལ་དང་ གཞན་ཡང་ མ་འོངས་པའི་ དོ་འགྲན་དང་ གོ་སྐབས་ཚུ་གི་དོན་ལུ་ གྲ་འགྲིག་འབད་ཐབས་ཀྱི་ སྦྱོང་བརྡར་ཚུ་ཡང་ བྱིན་ནི་ཨིན་པའི་གནས་ཚུལ།






Users Today : 1299
Users Yesterday : 4443
This Month : 96186
This Year : 392152
Total Users : 1103968
Views Today : 1997
Total views : 3080627
Who's Online : 18