ལས་ཚོགས་སློབ་དཔོན་སྐུ་བགྲེས་ དགོངས་པ་རྫོགས་ཡོདཔ།

གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་སྐུ་བགྲེས་ མཆི་མེད་དམ་ ཡེ་ཤེས་རིན་ཆེན་མཆོག་ གནམ་ལོ་ཤིང་འབྲུག་ཟླཝ་ ༨ པ་སྔ་མའི་ཚེས་ ༦ སྤྱི་ཟླ་ ༩ པའི་ཚེས་ ༩ གི་དྲོ་པར་ ཆུ་ཚོད་ ༦ དང་ སྐར་མ་ ༤༥ ལུ་ སྤུ་ན་ཁ་ དོམ་པོ་ལ་ རྒན་བཞུགས་སྐྱིད་པའི་གནས་ལུ་ སྐུ་བསྙུང་པའི་ ཚུལ་ཙམ་ཡང་མེད་པར་ དགོངས་པ་ཆོས་དབྱིངས་ལུ་ ཐིམས་པའི་ཤུལ་ལས་ ཚེས་ ༦ ལས་ ༨ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ ཐུགས་དམ་འོད་གསལ་གྱི་ངང་ལུ་བཞུགས་ནུག།
ལས་ཚོགས་སློབ་དཔོན་མཆོག་ དབང་འདུས་ཕོ་བྲང་རྫོང་ཁག་ རུས་སྦི་ས་རྒེད་འོག་ གཡུས་ཉ་ཕྱེ་རྒྱས་ཁ་ལུ་ གནམ་ལོ་ཤིང་ལུག་ཟླཝ་ ༦ པའི་ཚེས་ ༢༩ སྤྱི་ལོ་ ༡༩༥༥ སྤྱི་ཟླ་ ༨ པའི་ཚེས་ ༡༦ ལུ་ སྐུ་འཁྲུངས་ཡོདཔ་ཨིན་པས།
དགུང་ལོ་ ༧ སྤྱི་ལོ་ ༡༩༦༡ ལུ་ དབང་འདུས་ཕོ་བྲང་གྲྭ་ཚང་ནང་ འཛུལ་ཞུགས་མཛད་དེ་ གྲྭ་ཚང་ནང་གི་ སྒྲིག་ལམ་དང་ ཆོ་ག་ཕྱག་ལེན་གྱིས་གཙོས་པའི་ དུང་རྒྱ་གླིང་དང་ གཏོར་བཞེངས་ གར་འཆམ་ཚུ་ལུ་ གསན་སྦྱངས་མཛད་དེ་ དགུང་ལོ་ ༡༨ ཚུན་ གྲྭ་ཚང་ནང་ སྒྲིག་རྒྱུགས་ཏེ་བཞུགས་ནུག།
སྤྱི་ལོ་ ༡༩༧༣ དགུང་ལོ་ ༡༩ ལུ་ རྟ་མགོ་སྒྲུབ་སྡེའི་ནང་ སྐྱབས་རྗེ་དགེ་འདུན་རིན་ཆེན་དང་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ་རྣམ་ ༢ ཀྱི་ སྐུ་མདུན་ལུ་བཅར་ཏེ་ ལོ་ངོ་ ༣ གྱི་རིང་ལུ་ གཞུང་རིག་གནས་ཚུ་ལུ་ གསན་སྦྱངས་དང་ དབང་ཁྲིད་ལ་སོགས་པ་ཚུ་ཞུ་སྟེ་ ཕྱག་ཆེན་གྱི་ ཉམས་ལེན་ལུ་ བརྩོན་བཞུགས་བཞུགས་པར་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ་མཆོག་ ཐུགས་དམ་ཉམས་བཞེས་ཀྱི་དོན་ལས་ བལ་ཡུལ་ལུ་ བྱོན་ཡོདཔ་ལས་ ལས་སློབ་སྐུ་བགྲེས་མཆོག་ཡང་ བལ་ཡུལ་ལུ་བྱོན་ཏེ སྐྱབས་རྗེ་རིན་པོ་ཆེའི་ སྐུ་མདུན་ལས་ ཕྱག་ཆེན་དང་ རྫོགས་ཆེན་གྱི་ ཉམས་ལེན་ཚུ་དང་ ཕྱག་ཆེན་ཆོས་དྲུག་དང་ གྲུབ་དབང་བསྙེན་བརྒྱུད་ཚུ་ ཞུ་ཞིནམ་ལས་ ལོ་ངོ་ ༡ དང་ ཟླ་ངོ་ ༦ དེ་ཅིག་ ཉམས་ལེན་མཛད་དེ་ བཞུགས་ཡོདཔ་ཨིན་པས།
དེ་བསྒང་ སྐྱབས་རྗེ་དགེ་འདུན་རིན་ཆེན་མཆོག་གིས་ རྟ་མགོ་རྫོང་ཁར་ ལོ་ ༣ ཕྱོགས་ ༣ འགོ་དང་པ་ བཙུགས་གནང་པའི་སྐབས་ལུ་ ལོ་གསུམ་ཕྱོགས་ ༣ ནང་ བཞུགས་ཡོདཔ་ད་ དེ་གི་ཤུལ་ལས་ རྟ་མགོ་བཤད་གྲྭའི་ནང་ སྐྱབས་རྗེ་དགེ་འདུན་རིན་ཆེན་གྱི་ སྐུ་མདུན་ལས་ ལོ་ངོ་ཕྱེད་དེ་ཅིག་ ལྷོའི་ཆོས་འབྱུང་དང་ དབུ་མའི་བསྡུས་དོན་ ཞབས་དྲུང་དག་སྣང་མའི་སྐོར་ཚོགས་ཚུ་ལུ་ གསན་སྦྱངས་མཛད་ནུག།
དེ་ལས་ ད་རུང་ཡང་ བལ་ཡུལ་ལུ་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ་མཆོག་གི་ སྐུ་མདུན་ལུ་བཅར་ཏེ་ ཟླ་ ངོ་ ༦ གི་རིང་ལུ་ རྫོགས་པ་ཆེན་པོའི་ཆོས་སྐོར་ ཀུན་བཟང་བླ་མའི་ཞལ་ལུང་དང་ ཞལ་ལུང་ཟིན་བྲིས་ཁྲིད་ཡིག་ ཡེ་ཤེས་བླ་མ་ ཁྲེགས་ཆོད་སྙན་བརྒྱུད་ཚུ་ ཞུ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ སྐྱབས་རྗེ་དགེ་འདུན་རིན་ཆེན་མཆོག་གིས་ གྲོ་ལུང་དགོན་པར་ སྒྲུབ་སྡེ་དང་པ་ བཙུགས་གནང་པའི་སྐབས་ལུ་ སྒྲུབ་དཔོན་སྦེ་ བསྐོ་བཞག་གནངམ་ལས་ བལ་ཡུལ་ལས་ འབྲུག་ལུ་ལོག་སྟེ་ ལོ་ངོ་ ༣ གྱི་རིང་ གྲོ་ལུང་དགོན་པའི་ སྒྲུབ་དཔོན་སྦེ་བཞུགས་ནུག།
དེ་ལས་ འབྲས་ལྗོངས་རྒྱལ་ཞིང་ རྫོང་སར་མཁྱེན་བརྩེའི་ བཤད་གྲྭའི་ནང་ མཁན་པོ་ཀུན་དགའ་དབང་ཕྱུག་མཆོག་གི་ ཞབས་སར་བཅར་ཏེ་ རྒྱ་གཞུང་དབུ་མའི་སྐོར་དང་ ཚད་མའི་སྐོར་ཚུ་ཞུ་སྟེ་ ཟླཝ་ ༨ དེ་ཅིག་གི་ཤུལ་ལས་ བཤད་གྲྭ་དེ་ རྒྱ་གར་བཱི་རི་རྫོང་སར་ སྤོ་བཤུད་འབད་སར་ཡང་ ལོ་ངོ་ ༣ གྱི་རིང་ལུ་ འདུལ་བ་དང་ དབུ་མ་ མངོན་པ་ སྤྱོད་འཇུག་ བྱམས་ཆོས་ཀྱི་སྐོར་དང་ ཚད་མའི་སྐོར་ སྒོམ་རིམ་ཐོག་མཐའ་བར་ ༣ ཚུ་ལུ་ གསན་བསམ་མཛད་ཡོདཔ་ཨིན་པས།
དེ་ལས་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ་མཆོག་ བལ་ཡུལ་ལས་ འབྲུག་ལུ་ཕེབས་ཏེ་ རྡོར་སློབ་དང་ རྗེ་མཁན་རིན་པོ་ཆེའི་ཁྲིར་ མངའ་གསོལ་ཞུ་བའི་ཤུལ་ལུ་ རྗེ་མཁན་རིན་པོ་ཆེའི་ བཀའ་རྒྱ་ལྟར་དུ་ ལོ་ངོ་ ༡ གླང་ཟེ་སྒྲུབ་དཔོན་དང་ རྟ་མགོ་བཤད་གྲྭའི་ དབུ་འཛིན་སྦེ་ ལོ་ངོ་ ༡ ད་རུང་ གླང་ཟེ་སྒྲུབ་དཔོན་སྦེ་ ཟླཝ་ ༩ དེ་ཅིག་ བཞུགས་པའི་ཤུལ་ལུ་ དབང་རྫོང་རབ་སྡེའི་ བཤད་གྲྭ་ཅིག་ ཁྱུང་ལེགས་དགོན་པར་ གསར་བཙུགས་གནང་མིའི་ དབུ་འཛིན་སྦེ་ ལོ་ངོ་ ༡༠ དེ་ཅིག་ བཞུགས་ཡོདཔ་མ་ཚད་ སྤྱི་ལོ་ ༡༩༩༧ ལུ་ རྗེ་མཁན་ཁྲི་རབས་ ༧༠ པ་མཆོག་གི་ཞབས་ལས་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གདན་ས་ མཁོ་ཐང་རིན་ཆེན་གླིང་ ཉམས་གསོ་དང་འབྲེལ་ཏེ་ བཤད་གྲྭ་དེ་ཡང་ ས་གནས་དེ་ཁར་ སྤོ་བཤུད་མཛད་ནུག།
དེ་ལས་ སྤྱི་ལོ་ ༡༩༩༩ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དབང་རྫོང་རབ་སྡེའི་ བླམ་གནས་བརྟན་སྦེ་ བསྐོ་བཞག་གནང་སྟེ་ ལོ་ངོ་ ༢ དང་ ཟླཝ་ ༩ གི་རིང་ལུ་ བཞུགས་ཡོདཔ་ད་ སྤྱི་ལོ་ ༢༠༠༢ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ སྤུངས་ཐིམ་གྲྭ་ཚང་ལྟེ་བའི་ དབྱངས་སློབ་བམ་ ལས་ཚོགས་སློབ་དཔོན་སྦེ་ བསྐོ་བཞག་གནངམ་བཞིན་དུ་ ལོ་ངོ་ ༡༢ དང་ ཟླཝ་ ༧ ལྷགཔ་ཅིག་ དབྱངས་སློབ་བམ་ ལས་ཚོགས་སློབ་དཔོན་སྦེ་ བཞུགས་ཡོད་པའི་གནས་ཚུལ།

Please follow and like us: