
སྤྱི་ཟླ་ ༩ པའི་ཚེས་ ༡༧ ལུ་ འབྲུག་གི་གཞུང་ཚབ་ ཀུན་བཟང་རྡོ་རྗེ་གིས་ ས་ནོའི་ལུ་ སྲིད་འཛིན་གྱི་ ཕོ་བྲང་མི་རོར་ཧཱོལ་འདུ་ཁང་ནང་སྦེ་ ཝེཊ་ནམ་གྱི་སྲིད་འཛིན་ ཏོ་ལཱམ་མཆོག་ལུ་ འབྲུག་གི་གཞུང་ཚབ་དང་པའི་ ངོ་སྤྲོད་ཡིག་ཆ་ཚུ་ ཕུལ་ཡོདཔ་ཨིན་པས།
དེ་སྦེ་ ངོ་སྤྲོད་ཡིག་ཆ་ཚུ་ ཕུལ་བའི་ཤུལ་ལུ་ གཞུང་ཚབ་ཀུན་བཟང་རྡོ་རྗེ་གིས་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ འབྲུག་པའི་མི་སེར་ཚུ་ལས་ ཝེཊ་ནམ་གྱི་ སྲིད་འཛིན་དང་ མི་སེར་ཚུ་ལུ་ བཀྲིས་ལེགས་སྨོན་ཡོད་ལུགས་ ཞུ་བའི་ཁར་ འབྲུག་གཞུང་གི་ ཁ་ཐུག་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ འབྲེལ་བ་དམ་ཟབ་ཡོད་མི་དེ་ ད་ལས་ཕར་ཡང་ བཙན་ཐབས་འབད་ནི་གི་ རེ་འདུན་ཡོད་ལུགས་ཚུ་ཞུ་ནུག།
གཞུང་ཚབ་ཀྱིས་འབད་བ་ཅིན་ ཁོ་ར་ ཝེཊ་ནམ་གྱི་དོན་ལུ་ འབྲུག་གི་གཞུང་ཚབ་དང་པ་སྦེ་ བསྐོ་བཞག་གནང་མི་དེ་ སྐལ་བ་བཟང་པའི་ཁར་ དམིགས་བསལ་གྱིས་ ཐོབ་དབང་ཅན་གྱི་ གཞི་ཅིག་ཨིནམ་ལས་ ཁོ་གིས་ ཕྱི་རྒྱལ་ལས་ མ་རྩ་གཞི་བཙུགས་དང་ བལྟ་བཤལ་ མཁའ་འགྲུལ་ཞབས་ཏོག་ ཚོང་འབྲེལ་ དེ་ལས་ བཟོ་གྲྭ་དང་ ལམ་སྲོལ་ལས་སྡེ་ཚུ་ནང་ ཟུང་ཕྱོགས་མཐུན་འབྲེལ་ གོང་འཕེལ་གཏང་ནི་ལུ་ ཁས་ལེན་ཡོད་ཟེར་ཨིན་པས།
གཞུང་ཚབ་ཀུན་བཟང་རྡོ་རྗེ་དེ་ མཐའ་ཡས་ལེན་ལུ་ འབྲུག་གི་གཞུང་ཚབ་དང་འབྲེལ་ཏེ་ སིངྒ་པོར་དང་ ཝེཊ་ནམ་ ཨིན་ཌོ་ནེ་ཤི་ཡ་ དེ་ལས་ མ་ཡཱན་མར་ རྒྱལ་ཁབ་ཚུ་ནང་ཡང་ འབྲུག་གི་གཞུང་ཚབ་སྦེ་ ཕྱག་ཞུཝ་མ་ཚད་ འཛམ་གླིང་སྤྱི་ཚོགས་ ཨེ་ཤི་ཡ་དང་ པེ་སི་ཕིག་གི་ དཔལ་འབྱོར་ལྷན་ཚོགས་ནང་ཡང་ གཏན་འཇགས་སྐུ་ཚབ་སྦེ་ ཕྱག་ཞུཝ་ཨིན་པའི་གནས་ཚུལ།




Users Today : 1422
Users Yesterday : 1288
This Month : 2710
This Year : 231551
Total Users : 943367
Views Today : 2165
Total views : 2744424
Who's Online : 9