
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལས་ ༡༨ ཚུན་ ཉིན་གྲངས་ ༩ གི་རིང་ལུ་ ཨཱཛ་ཊེ་ལི་ཡའི་ རྒྱལ་ཁབ་ནང་ གཟིགས་སྐོར་གནང་ནི་ཨིན་པས།
གཟིགས་སྐོར་སྐབས་ལུ་ མི་དབང་མཆོག་གིས་ ཨཱཛ་ཊེ་ལི་ཡའི་གཞུང་དང་ ཚོང་འབྲེལ་འགོ་ཁྲིདཔ་ཚུ་དང་ མཇལ་ཕྲད་མཛད་ནི་ཨིནམ་མ་ཚད་ ཨཱཛ་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ནི་ཨིན་པས།
སྤྱི་ལོ་ ༡༩༦༠ རེ་གྲངས་ལུ་ ཨཱཛ་ཊེ་ལི་ཡ་གིས་ འབྲུག་རྒྱལ་ཁབ་འདི་ རྒྱལ་སྤྱི་ལས་ཚོགས་ ཀོ་ལོམ་བོ་འཆར་གཞིའི་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་བའི་སྐབས་ལུ་ རྒྱབ་སྐྱོར་འབད་ཞིནམ་ལས་ཚུར་ འབྲུག་དང་ ཨཱཛ་ཊེ་ལི་ཡའི་བར་ན་ མཐུན་ལམ་དམ་ཟབ་ཡོདཔ་ད་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་སྤྱི་ཚོགས་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་བའི་སྐབས་ལུ་ཡང་ རྒྱབ་སྐྱོར་འབད་ནུག།
རྒྱལ་ཁབ་ ༢ ཀྱི་བར་ན་ ཤེས་རིག་དང་ མི་སེར་ཚུ་གི་བར་ན་ མཉམ་འབྲེལ་བཙན་ཏོག་ཏོ་ཡོདཔ་ལས་ ད་རེས་ནངས་པ་ འབྲུག་མི་ཚུ་ ཕྱི་རྒྱལ་ཁག་ལུ་ཡོད་མི་གྲས་ལས་ མང་ཤོས་ཅིག་ ཨཱཛ་ཊེ་ལི་ཡར་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ སྤྱི་ཟླ་ ༡༠ པའི་ཚེས་ ༡༢ ལུ་ སིཌ་ནི་ལུ་དང་ སྤྱི་ཚེས་ ༡༣ ལུ་ ཀེན་བེ་ར་ དེ་ལས་ སྤྱི་ཚེས་ ༡༦ ལུ་ པཱརཐ་ས་གནས་ནང་ འབྲུག་མི་ཚུ་དང་ མཇལ་ཕྲད་མཛད་གནང་ནི་ཨིནམ་ལས་ འབྲུག་མི་ཚུ་ ག་ཏེ་ཡོད་རུང་ གོང་གསལ་ཚེས་གྲངས་དང་བསྟུན་ཏེ་ རང་སོའི་ཉེ་འདབས་ཀྱི་ ཁྲོམ་སྡེ་ཚུ་ནང་ འོང་དགོ་པའི་ མགྲོན་བརྡ་འབད་དོ་ཡོདཔ་ད་ དུས་ཚོད་དང་ ས་གོ་ཚུ་ ཀེན་བེ་ར་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ཡིག་ཚང་ལས་ གསལ་བསྒྲགས་འབད་ནི་ཨིན་པས།
མི་དབང་མཆོག་གི་ གཟིགས་སྐོར་དེ་ལུ་བརྟེན་ཏེ་ ཨཱཛ་ཊེ་ལི་ཡ་གིས་གཙོས་པའི་ ཕྱིའི་རྒྱལ་ཁབ་ཚུ་ནང་ ཁ་གཏོར་ཏེ་ཡོད་མི་ འབྲུག་མི་ཚུ་ལུ་ ཐུགས་ཀྱི་ཚ་གྱང་གཏིང་ཟབ་ཡོད་པའི་ བརྡ་མཚོན་སྟོམ་ལས་ མི་དབང་མངའ་ཞབས་མཆོག་ མཇལ་འདོད་ཡོད་མི་ འབྲུག་མི་རེ་རེ་བཞིན་ལུ་ མཇལ་ཕྲད་ཀྱི་ གོ་སྐབས་གནང་ནི་ཨིན་པས།
མི་དབང་ཞབས་དང་ མཇལ་ཕྲད་ཞུ་མི་ཚུ་གི་དོན་ལས་ ཐོ་བཀོད་དེ་ཡང་ བྷུ་ཊཱན་ཨེབ་ ལག་ལེན་འཐབ་སྟེ་འབད་དགོཔ་ད་ མི་དབང་མཆོག་དང་ མཇལ་ཕྲད་ཀྱི་དོན་ལུ་ གྲལ་གཏོགས་འབད་མི་ཚུ་གིས་ མགྱོགས་པ་ར་ སྒོ་ཕྱེ་ནི་ཨིན་མི་ ཡོངས་འབྲེལ་འཆར་སྒོ་དེ་ ཕབ་ལེན་འབད་དགོ་ནི་ཨིན་པས།
གལ་སྲིད་ ཡོངས་འབྲེལ་འཆར་སྒོ་དེ་དང་འབྲེལ་བའི་ རྒྱབ་སྐྱོར་རེ་དགོ་པ་ཅིན་ གློག་འཕྲིན་ཁ་བྱང་ help@bhutanapp.bt ཐོག་ལུ་ བརྡ་ལེན་འབད་ནི་དང་ ཡང་ཅིན་ ཀེན་བེ་ར་ལུ་ གཞུང་ཚབ་ཡིག་ཚང་དང་གཅིག་ཁར་ བརྒྱུད་འཕྲིན་ཨང་ ༠༢ ༥༡༡༢ ༢༢༩༣ དང་ གློག་འཕྲིན་ཁ་བྱང་ rbecanberra@mfa.gov.bt ཐོག་ལུ་ འབྲེལ་བ་འཐབ་གནང་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།




Users Today : 1033
Users Yesterday : 1288
This Month : 2321
This Year : 231162
Total Users : 942978
Views Today : 1550
Total views : 2743809
Who's Online : 11