
རོའི་ཊརཛ།
སྤྱི་ཟླ་ ༩ པའི་ཚེས་ ༢༥ ལུ་ ཤྲཱི་ལངྐའི་ སྲིད་འཛིན་གསརཔ་ ཨ་ནུ་ར་ཀུ་མ་ར་ དི་ས་ན་ཡ་ཀེ་གིས་ བུ་ལོན་གྱིས་ མགུ་སྤུར་ཏེ་ཡོད་མི་ རྒྱལ་ཁབ་ནང་ སྤྱི་ཟླ་ ༡༡ པའི་ཚེས་ ༡༤ ལུ་ བཙག་འཐུ་འགོ་འདྲེན་འཐབ་ནི་ཨིནམ་ལས་ སྤྱི་ཚོགས་རྙིངམ་དེ་ ཆ་མེད་བཏང་ཡོདཔ་ད་ སྤྱི་ཚོགས་གསརཔ་གི་ ཞལ་འཛོམས་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༢༡ ལུ་ འཚོགས་ནི་ཨིན་པས།
ཤྲཱི་ལངྐའི་ རྒྱལ་ཁབ་ནང་ འདས་པའི་རྒྱལ་ཡོངས་བཙག་འཐུ་དེ་ ལོ་ངོ་ ༥ གི་དོན་ལས་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༨ པའི་ནང་ འགོ་འདྲེན་འཐབ་ནུག།
དི་ས་ན་ཡ་ཀེ་དེ་ ཤྲཱི་ལངྐའི་ མི་སེར་ཚུ་གིས་ རྒྱལ་ཁབ་ཀྱི་ སྲིད་འཛིན་སྦེ་ གདམ་འཐུ་འབད་ཡོདཔ་ད་ ཁོ་གི་ འགན་ཁུར་གཙོ་བོ་དེ་ མཚོ་གླིང་རྒྱལ་ཁབ་ཀྱི་ མ་འོངས་པའི་དོན་ལུ་ གཞི་སྒྱུར་འབད་ནི་དང་ དངུལ་འབྲེལ་གྱི་ དཀའ་ངལ་ཚབས་ཆེན་གྱི་ནང་ལས་ འཐོན་ཐབས་འབད་ནི་ཚུ་ཨིན་པས།
རྒྱལ་ཁབ་ཀྱི་ སྤྱི་ཚོགས་ནང་ འཐུས་མི་ཡོངས་བསྡོམས་ ༢༢༥ འབད་ས་ལས་ སྲིད་འཛིན་གསར་པའི་ རྒྱལ་ཡོངས་མི་སེར་གྱི་ ཚོགས་པའི་ནང་ལས་ འཐུས་མི་ ༣ མ་གཏོགས་མེདཔ་ད་ སྲིད་འཛིན་ཁོ་རའི་ སྲིད་བྱུས་ཚུ་དང་འབྲེལ་ཏེ་ སྤྱི་ཚོགས་གསརཔ་ བཙུགས་ཐབས་ལུ་ ཧེ་མའི་སྤྱི་ཚོགས་དེ་ ཆ་མེད་གནང་ནུག།
ཤྲཱི་ལངྐ་ལུ་ སྤྱི་ལོ་ ༢༠༢༢ ལོར་ ཕྱི་དངུལ་གྱིས་ མ་ལང་པའི་ དཀའ་ངལ་སྦོམ་སྦེ་ར་ ཐོན་ཡོདཔ་ལས་ མཁོ་གལ་ཆེ་བའི་ ས་སྣུམ་དང་ སྨན་རྫས་ དེ་ལས་ ཐབ་རླུང་ཚུ་ ནང་འདྲེན་འབད་མ་ཚུགས་པ་ལུ་བརྟེན་ཏེ་ མི་སེར་ཚུ་གིས་ ངོ་རྒོལ་འབདཝ་ལས་ ཧེ་མའི་སྲིད་འཛིན་ གོ་ཏ་བཱ་ཡ་ ར་ཇ་པག་ས་དེ་ བྲོས་བྱོལ་སོང་ཡོདཔ་ཨིན་པས།
དི་ས་ན་ཡ་ཀེ་གིས་ རྒྱལ་སྤྱི་དངུལ་འབྲེལ་མ་དངུལ་ ཨའི་ཨེ་ཨེཕ་ནང་ལས་ དཔལ་འབྱོར་ལྷན་ཐབས་ཀྱི་དོན་ལུ་ ལེན་ཏེ་ཡོད་མི་ ཌོ་ལར་ཐེར་འབུམ་ ༢.༩ གིས་གཙོས་པའི་ འགྱུར་བ་འབག་འོང་ནི་དང་ ད་རེས་ཡོད་མི་ ཕན་བདེའི་ལས་འཆར་ཚུ་ཡང་ རྒྱ་སྐྱེད་གཏང་ནི་གི་ ཁས་ལེན་འབད་ནུག།
ཨིན་རུང་ སྲིད་འཛིན་གསརཔ་གིས་ ཁྲལ་མར་ཕབ་དང་ དཔལ་འབྱོར་གྱི་ དཀའ་ངལ་བསལ་ཐབས་ལུ་ ཁ་ཚིག་གནས་ཚིག་ཚུ་ སྒྱུར་བཅོས་གཏང་ནི་གི་ ཀུན་སློང་ཡོད་མི་དེ་གིས་ རྒྱལ་ཁབ་ཀྱི་བུ་ལོན་ ཌོ་ལར་ཐེར་འབུམ་ ༢༥ ཡོད་མི་ བསྐྱར་གསོ་འབད་ནི་ལུ་ ཡུན་འགྱངས་སྦེ་ ལུས་ནི་བཟུམ་ཅིག་ཡོདཔ་ལས་ མ་རྩ་གཞི་བཙུགས་འབད་མི་ཚུ་ ཚ་གྱང་ལང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1436218
Views Today :
Total views : 5000
Who's Online :