སྤ་རོ་སྤང་སྦི་ས་ དུང་དཀར་རྫོང་ནང་ འབྲུག་གི་རིག་རྩལ་གསར་བཏོད་གྲོས་འཛོམས།

སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ ༣ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ འབྲུག་གི་རིག་རྩལ་གསར་བཏོད་གྲོས་འཛོམས་དེ་ ག་ནི་བ་ མཛེས་ཆ་དང་ལྡན་པའི་ སྤ་རོ་སྤང་སྦི་ས་ དུང་དཀར་རྫོང་ནང་སྦེ་ འཚོགས་གནང་ནི་ཨིན་པས།
གྲོས་འཛོམས་དེ་གི་ དམིགས་དོན་གཙོ་བོ་ར་ འགོ་ཁྲིདཔ་དང་ རིག་རྩལ་གསར་བཏོད་འབད་མི་ དེ་ལས་ ཁེ་ལཱ་འབད་མི་ཚུ་ མཉམ་གཅིག་འཛོམས་ཏེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་ རྒྱབ་སྐྱོར་གྱི་དོན་ལས་ གྲོས་བསྡུར་འབད་ནི་དང་ ཡོངས་འབྲེལ་གྱི་ གོ་སྐབས་ཚུ་ འཚོལ་ཐབས་འབད་ནི་ཨིནམ་མ་ཚད་ གྲོས་འཛོམས་དེ་གིས་ དྲང་བདེན་ཅན་གྱི་ ཁེ་ལཱ་དང་ མཐའ་འཁོར་དང་མཐུན་པའི་ རིག་རྩལ་གསར་བཏོད་འབད་ནི་ དེ་ལས་ འབྲུག་པའི་ལམ་སྲོལ་བཟང་པོ་ ཉམས་སྲུང་འབད་ནི་ཚུ་ནང་ སེམས་ཤུགས་བསྐྱེད་བཅུག་ཐབས་ཚུ་འབད་ནི་ཨིན་པས།
གྲོས་འཛོམས་དེ་ནང་ རྒྱལ་སྤྱིའི་མཁས་མཆོག་ ༩༠ གིས་ ཡུན་བརྟན་གོང་འཕེལ་དང་ དྲན་ཤེས་ཁེ་ལཱ་ཚུ་གི་སྐོར་ལས་ གསལ་བཤད་ཚུ་ གནང་ནི་ཨིནམ་མ་ཚད་ གྲོས་འཛོམས་དེ་གིས་ དེང་དུས་ཀྱི་ འཕྲུལ་རིག་དང་ འབྲུག་གི་ལམ་སྲོལ་ ༢ ཟུང་འབྲེལ་ཐོག་ལས་ ཀུན་ཚང་ཡར་འཕར་དང་ བྱ་སྟབས་བདེ་བའི་ གནས་སྟངས་ཚུ་གི་དོན་ལུ་ སེམས་ཤུགས་ཀྱི་ འབྱུང་གནས་ཅིག་སྦེ་ཡང་ འགོ་འདྲེན་འཐབ་ནི་གི་ ཐབས་ཤེས་བརྩམ་ནི་ཨིན་པས།
དེ་ལས་ དྲན་ཤེས་ཅན་གྱི་ ལམ་སྲོལ་ཁྱབ་སྤེལ་གྱིས་གཙོས་པའི་ རིག་རྩལ་གསར་བཏོད་ཀྱི་ ཁྲོམ་ཚོགས་བཟོ་བཀོད་ འཚོལ་ཞིབ་འབད་ནི་དང་ ཡོངས་གྲགས་ཅན་གྱི་ གསལ་བཤདཔ་ ༩ གིས་ རང་སོའི་ཤེས་རྟོགས་ཚུ་ གསལ་བཤད་འབད་ནི་ཨིན་པས།
གསལ་བཤདཔ་ཚུ་གི་གྲས་ཁར་ ཇོ་སེཕ་ཨི་སི་ཊིག་ལིཛ་དེ་ ཀོ་ལམ་བི་ཡ་ གཙུག་ལག་སློབ་སྡེའི་ ལེགས་སྦྱར་བ་དང་ དཔལ་འབྱོར་མཁས་མཆོག་ ཡོངས་གྲགས་ཅན་ཅིག་ཨིནམ་ད་ དེ་བཟུམ་སྦེ་ རི་ཆརཌི་ཇཱེ་རོ་བརཊི་དེ་ ནིའུ་ཨིང་ལེན་བ་ཡོ་ལེབ་ཀྱི་ ཚན་རིག་གཙོ་འཛིན་འགོ་དཔོན་སྦེ་ སྐྱེ་དངོས་རྫས་སྦྱོར་རིག་པ་ལུ་ ཡོངས་གྲགས་ཐོན་མི་ཅིག་ཨིན་པས།
དེ་བཟུམ་སྦེ་ སར་ཀོནཛ་ཊེན་ཊིན་དེ་ སིངྒ་པོར་ ནེ་ཤ་ནཱལ་གཙུག་ལག་སློབ་སྡེའི་ ལེགས་སྦྱར་བ་དང་ ནི་ཀོ་ལཱཛ་སི་ཊཱན་དེ་ དཔལ་འབྱོར་དང་ གནམ་གཤིས་མཁས་མཆོག་སྦེ་ ལོན་ཌཱོན་གྱི་ དཔལ་འབྱོར་སློབ་གྲྭ་དང་ གེ་རེན་ཐམ་ ཞིབ་འཚོལ་ལས་ཁང་ནང་ གལ་ཆེ་བའི་ འགན་ཁུར་འབག་མི་ཨིན་པའི་ཁར་ སི་ནེབ་ཅེཊ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཡང་ཨིན་པས།
གྲོས་འཛོམས་དེ་ནང་ གསལ་བཤདཔ་གཞན་ཡང་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་དང་ ཀོ་ལམ་བི་ཡའི་ སྲིད་འཛིན་བགྲེསཔ་ ཡུ་ཝཱན་མེ་ནུལ་སཱན་ཏོཛ་ བང་ལ་དེཤ་ལས་ གཞི་རྟེན་མཁོ་ཆས་མཁས་མཆོག་ མུ་ཧ་མེད་ ཨ་ཛིཛ་ཁཱན་ཚུ་ཡང་ཡོདཔ་ཨིན་པས།
གྲོས་འཛོམས་ཀྱི་ གྲོས་གཞི་དེ་ ཉིན་རེ་བཞིན་དུ་ གཞི་དོན་མ་འདྲཝ་ཚུ་གི་སྐོར་ལས་ཡོདཔ་ད་ དེ་ཡང་ ཉིནམ་དང་པའི་ནང་ དྲན་ཤེས་དང་ རིག་རྩལ་གསར་བཏོད་སྐོར་ལས་ གྲོས་བསྟུན་འབད་ནི་དང་ ཉིནམ་ ༢ པའི་ནང་ རིག་རྩལ་གསར་བཏོད་དང་ ཁེ་ལཱ་ དེ་ལས་ ཉིནམ་ ༣ པའི་ནང་ ཁེ་ལཱ་དང་ ཡུན་བརྟན་གྱི་སྐོར་ལས་ གསུང་གྲོས་གནང་ནི་ཨིན་པས།
གྲོས་འཛོམས་དེ་ནང་ གནམ་གཤིས་འགྱུར་བ་དང་ ནུས་ཤུགས་ཐོན་ཁུངས་ ཡུན་བརྟན་ཅན་གྱི་དངུལ་རྩིས་ རང་བཞིན་བདོག་གཏད་རྩིས་བཀོད་ཚུ་གི་སྐོར་ལས་ གསུང་གྲོས་གཏིང་ཟབ་སྦེ་གནང་སྟེ་ ཁེ་གྱོང་འབག་མི་ཚུ་གི་ཧོངས་ལས་ འགྲེམ་སྟོན་ཚུ་ཡང་ འགོ་འདྲེན་འཐབ་ནི་ཨིན་པས།
གྲོས་འཛོམས་དེ་གིས་ མ་རྩ་གཞི་བཙུགས་འབད་མི་དང་ ཨང་གནས་རིག་པའི་མཁས་མཆོག་ དེ་ལས་ ཁེ་ལཱ་འབད་མི་ཚུ་གི་བར་ན་ མཐུད་འབྲེལ་གོང་འཕེལ་གཏང་སྟེ་ འབྲུག་གི་སླར་འབྱུང་ཅན་གྱི་ སྐྱེ་དངོས་གནས་སྟངས་ནང་ འཕྲུལ་རིག་དང་ ཚོང་ལཱའི་གོ་སྐབས་ཚུ་ཡང་ གསར་བཏོད་འབད་ནི་ཨིན་པའི་གནས་ཚུལ།

Please follow and like us: