མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཨཱཛ་ཊེ་ལི་ཡ་ལུ་ གཟིགས་སྐོར་གནང་དོ་ཡོད་མིའི་ གནས་ཚུལ་དུས་མཐུན།

སྤྱི་ཟླ་ ༡༠ པའི་ཚེས་ ༡༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཨཱཛ་ཊེ་ལི་ཡའི་མངའ་སྡེ་ སིཌ་ནི་ལུ་ ཕེབས་པའི་ཤུལ་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ལུ་ ཨཱཛ་ཊེ་ལི་ཡའི་རྒྱལ་ས་ ཀེན་བ་ར་ལུ་ ཕྱག་ཕེབས་གནང་སྟེ་ ཀེན་བ་ར་ལུ་ཡོད་མི་ འབྲུག་མི་ཚུ་དང་ མཇལ་ཕྲད་མཛད་གནང་ནུག།

ཀེན་བ་ར་ལུ་ ཕེབས་པའི་དྲོ་པར་ མི་དབང་མཆོག་གིས་ ཀེན་བ་རའི་ སྤྱི་ཚོགས་ཁང་ནང་སྦེ་ ཨཱཛ་ཊེ་ལི་ཡའི་བློན་ཆེན་ ཨེན་ཐོ་ནི་ཨཱལ་བ་ནིཛ་དང་ མཇལ་ཕྲད་མཛད་གནང་ཡོདཔ་ད་ དེ་ཚེ་ཉིན་མར་ ཀེན་བ་རའི་ ཁྲོམ་ཚོགས་འཆར་གཞི་དང་ གོང་འཕེལ་འགོ་དཔོན་ཚུ་གིས་ ཀེན་བ་རའི་ ཁྲོམ་ཚོགས་གོང་འཕེལ་གྱི་སྐོར་ལས་ སྤྱན་འབུལ་ཞུ་བའི་ཤུལ་ལུ་ ཚོང་འབྲེལ་འགོ་ཁྲིདཔ་ཚུ་དང་ འབྲུག་གི་ཆ་མཉམ་རོགས་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ཡོདཔ་ཨིན་པས།

སྤྱི་ཟླ་ ༡༠ པའི་ སྤྱི་ཚེས་ ༡༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ མི་དབང་རྒྱལ་སྲསམོ་ བསོད་ནམས་གཡང་སྒྲོན་དབང་ཕྱུག་ཚུ་ མཇལ་བར་འཛོམས་མི་ འབྲུག་མི་ ༥,༠༠༠ ལྷགཔ་ཅིག་དང་ མཇལ་ཕྲད་མཛད་གནང་ནུག། .

དེ་བསྒང་ མི་དབང་མཆོག་གིས་ ལོ་ངོ་ལེ་ཤ་ཅིག་གི་ཤུལ་ལས་ རང་སོའི་ཨ་ལོ་ཚུ་གིས་གཙོས་པའི་ འབྲུག་མི་ཚུ་དང་ ཡར་སེང་ཅན་གྱི་ བཟའ་ཚང་ཚུ་དང་ཕྱད་དེ་ ཐུགས་མཉེས་ཡི་ཟེར་ གསུངས་གནང་ཡོདཔ་ཨིན་པས། 

མི་དབང་ཞབས་ལས་ འབྲུག་མི་ཚུ་གིས་ ཕྱིའི་རྒྱལ་ཁབ་ནང་ ལཱ་ཚུ་རྩ་འགེངས་འབད་དེ་ ལོངས་སྤྱོད་དང་ལྡནམ་སྦེ་ ཨཱཛ་ཊེ་ལི་ཡ་དང་ འབྲུག་ལུ་ཡོད་མི་ བཟའ་ཚང་ཚུ་ལུ་ རྒྱབ་སྐྱོར་ཐོག་ལས་ འཚོ་བ་སྐྱོང་མི་དེ་ ཐུགས་ངལ་རངས་པའི་ གཞི་ཅིག་ཨིན་པས་ཟེར་ གསུངས་གནང་ནུག།

དེ་མ་ཚད་ མི་དབང་མཆོག་གིས་ འབྲུག་གི་མ་འོངས་པའི་ ཉེན་སྲུང་དང་ ལོངས་སྤྱོད་ཀྱི་དོན་ལུ་ དགེ་ལེགས་ཕུག་ རང་སྐྱོང་ལུང་ཕྱོགས་ཀྱི་ དྲན་ཤེས་ཁྲོམ་ཚོགས་དང་ འབྲུག་གི་གསར་བཏོད་ལས་དོན་ཚུ་གི་སྐོར་ལས་ཡང་ གསལ་བཤད་གནང་ཡོདཔ་ཨིན་པས།

སིཌ་ནི་ལུ་ འགོ་འདྲེན་འཐབ་དོ་བཟུམ་སྦེ་ར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ སྡེ་ཚན་ཅིག་གིས་ ཨཱཛ་ཊེ་ལི་ཡར་ཡོད་མི་ འབྲུག་མི་ཚུ་ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ གོང་འཕེལ་ནང་ གོ་སྐབས་ཚུ་ཡོད་པའི་སྐོར་ལས་དང་ ཁྲོམ་ཚོགས་ཡར་འཕེལ་གྱི་སྐོར་ལས་ གསལ་བཤད་འབད་ནུག།

ཨཱཛ་ཊེ་ལི་ཡ་ལུ་ཡོད་མི་ འབྲུག་མི་གིས་ རང་ལུགས་ལམ་སྲོལ་གྱི་ གཟིགས་སྟོན་མ་འདྲཝ་ཚུ་ སྤྱན་འབུལ་ཞུ་མི་དང་འབྲེལ་ཏེ་ མི་དབང་མཆོག་གིས་ འབྲུག་མི་ཚུ་དང་ ཞལ་འདྲིས་མཛད་གནང་ཡོད་པའི་གནས་ཚུལ།

Please follow and like us: