ཡུ་རོབ་རྒྱལ་ཁབ་ཚོགས་པ་གིས་ ཕྱི་མི་ནང་བསྐྱོད་འབད་མི་ཚུ་ ལོག་གཏང་ནི་གི་ ཚད་གཞི་ཡར་སེང་།

བི་བི་སི།
ཡུ་རོབ་རྒྱལ་ཁབ་ཚོགས་པའི་ ཚོགས་སྡེའི་གཙོ་འཛིན་ ཨམ་ཨུར་སུ་ལ་ ཝཱོན་ཌར་ལེ་ཡེན་གྱིས་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ཀྱི་ཧེ་མ་ འཐུས་མི་རྒྱལ་ཁབ་ཀྱི་ དབུ་ཁྲིད་ཚུ་ལུ་བཏང་མི་ ཡི་གུའི་ནང་ ཕྱི་མི་ནང་བསྐྱོད་འབད་མི་ཚུ་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ ཁ་ཐུག་ལས་ ལོག་གཏང་ནི་གི་ ཚད་གཞི་ཡར་སེང་འབད་དགོ་པའི་སྐོར་ལས་ གྲོས་འཆར་གསརཔ་ཅིག་ བརྩམས་ཏེ་ཡོད་ཟེར་ཨིན་པས།
མོ་གིས་ ཡུ་རོབ་རྒྱལ་ཁབ་ཚུ་ནང་ ཚུལ་མིན་གྱི་སྒོ་ལས་ ཕྱི་མི་ནང་བསྐྱོད་འབད་མི་ ལོག་གཏང་ནི་གི་ ཚད་གཞི་དེ་ ད་རེས་ བརྒྱ་ཆ་ ༢༠ དེ་ཅིག་ལས་མེདཔ་ད་ དེ་ཡང་ ལོག་འགྱོ་དགོ་པའི་ བཀའ་རྒྱ་ཐོབ་མི་ མང་ཤོས་ཅིག་གིས་ ལོག་འགྱོ་མ་བཏུབ་པར་ཡོད་ཟེར་བཀོད་ནུག།
དེ་མ་ཚད་ འཐུས་མི་རྒྱལ་ཁབ་ཚུ་གིས་ རང་སོའི་རྒྱལ་ཁབ་ནང་ལས་ འཐོན་འགྱོ་དགོ་པའི་ གྲོས་ཆོད་བཏོན་ཏེ་ཡོད་མི་ ཕྱི་མི་ཚུ་ ངེས་པར་དུ་ འཐོན་འགྱོ་བཅུག་དགོཔ་ད་ དེ་བཟུམ་མའི་ ཕྱི་མི་ཚུ་གིས་ ཐབས་དང་ གནས་སྐབས་ཚུ་སྟོན་ཏེ་ ཡུ་རོབ་རྒྱལ་ཁབ་ཅིག་ལས་ ཡུ་རོབ་རྒྱལ་ཁབ་གཞན་ཅིག་ནང་ འགྱོ་མ་ཆོགཔ་སྦེ་ བཟོ་དགོ་ཟེར་ཨིན་པས།
འདས་པའི་བདུན་ཕྲག་ནང་ བང་ལ་དེཤ་དང་ ཨི་ཇིབ་ལས་ མི་གྲངས་ ༡༦ སི་སི་ལིའི་ མཚོ་འགྲམ་ས་གནས་ ལམ་པེ་དུ་ས་ལས་ ཨཱལ་བེ་ནི་ཡའི་ མཚོ་འགྲམ་ལུ་ཡོད་མི་ སྐྱབས་བཅོལ་བའི་ ཐོབ་བརྗོད་ཞིབ་དཔྱད་ཀྱི་དོན་ལུ་ བཏང་ཡོདཔ་སྦེ་ཨིན་རུང་ ཁོང་གི་གྲོས་འཆར་ལྟར་དུ་ མངལ་སྦྲུམ་ཅན་གྱི་ ཨམ་སྲུ་དང་ ཨ་ལོ་ཆུང་ཀུ་ དེ་ལས་ ཉེན་ཁ་ཅན་གྱི་ མི་ངོམ་ཚུ་ ལོང་གཏང་དགོ་པའི་ འཆར་གཞིའི་ནང་ མི་ཚུད་ཟེར་བཀོད་ནུག།
གནད་དོན་དེ་ལུ་ ལ་ལུ་ཅིག་གིས་འབད་བ་ཅིན་ ཨཱལ་བེ་ནི་ཡ་ལས་འཆར་ཟེར་ བཀོད་དེ་ཡོད་མི་ གྲོས་འཆར་དེ་ དོན་མེད་གདུག་རྩུབ་ཅན་དང་ འགྲོ་བ་མིའི་དབང་ཆ་ལས་འགལ་བའི་ གནོད་ཉེན་ཅན་ཅིག་ཨིན་པས་ཟེར་ བཤད་ཡོད་རུང་ ཨི་ཊ་ལིའི་བློན་ཆེན་ ཇོར་ཇི་ཡ་ མེ་ལོ་ནི་གིས་ འཆར་གཞི་དེ་ སྔོན་ཆད་མེད་པའི་ བློ་སྟོབས་ཅན་གྱི་ འཆར་གཞི་ཅིག་ཨིནམ་ལས་ ཡུ་རོབ་རྒྱལ་ཁབ་ཚུ་གི་ སྙིང་སྟོབས་ངོ་མའི་ བརྡ་མཚོན་སྟོན་མས་ཟེར་ཨིན་པས།
འདས་པའི་བདུན་ཕྲག་ཚུ་ནང་ ཇར་མ་ནི་གིས་ ས་མཚམས་དཔྱད་ཞིབ་ཚུ་ ལོག་སྟེ་ར་ འགོ་བཙུགས་ཡོདཔ་མ་ཚད་ ཕ་རཱནཛ་གིས་ཡང་ ཕྱི་མི་ནང་བསྐྱོད་ དམ་དྲགས་བཟོ་ནི་ལུ་ བསམ་ཞིབ་འབད་ནི་ཨིན་པའི་ཁར་ པོ་ལེན་གྱི་ ཁ་ཐུག་ལས་ཡང་ གནས་སྐབས་ཅིག་ སྐྱབས་བཅོལ་བའི་དོན་ལུ་ ཕྱི་མི་ནང་བསྐྱོད་ བཀག་དམ་འབད་ནི་གི་ འཆར་གཞི་ཅིག་ ཁྱབ་སྤེལ་འབད་ནུག།
ཕ་རཱནཛ་དང་ ཇར་མ་ནི་ལུ་ རྐུ་གསོད་ཚུ་ལུ་བརྟེན་ཏེ་ ཕྱི་མི་ནང་བསྐྱོད་ དམ་དྲགས་བཟོ་དགོཔ་ཡོད་ལུགས་དང་ སི་རི་ཡ་ལུ་ཡང་ མི་ ༣ ལུ་ གྱི་གསོབ་རྐྱབ་སྟེ་ དམར་བསད་འབད་མི་ཚུ་ ཕྱི་མི་ནང་བསྐྱོད་འབད་མི་ ལོག་འགྱོ་དགོ་པའི་ བཀའ་རྒྱ་ཐོབ་མི་ཚུ་ཨིནམ་སྦེ་ བཤདཔ་ཨིན་པས།
འདས་པའི་ཟླཝ་ནང་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ འཐུས་མི་རྒྱལ་ཁབ་ ༡༥ གིས་ ཕྱི་མི་ནང་བསྐྱོད་འབད་མི་ཚུ་ ལོག་གཏང་ནི་གི་ ལྕོགས་གྲུབ་ལེགས་སྒྱུར་འབད་དགོ་པའི་ གྲོས་འཆར་གུ་ མིང་རྟགས་ཡང་བཀོད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: