མི་དབང་མངའ་ཞབས་མཆོག་གིས་ ཨཱཛ༌ཊེ༌ལི་ཡའི་ མངའ་སྡེ་པཱརཐ་ལུ་ འབྲུག་མི་ཚུ་དང་མཇལ་ཕྲད།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཨཱཛ༌ཊེ༌ལི་ཡའི་རྒྱལ་ས་ ཀེན་བེ་ར་ལས་ པཱརཐ་མངའ་སྡེའི་ནང་ ཆིབས་བསྐྱོད་གནང་པའི་ ཉིན་དང་པའི་ཚེ་ མི་དབང་སྐུ་འཁོར་ལྷན༌རྒྱས༌ཀྱི་ ཞལ་མཇལ་ནིའི༌དོན༌ལུ༌ བསམ་བརྗོད་ལས་འདས་པའི་ རེ་བ་བསྐྱེད་དེ་སྡོད་མི་ འབྲུག་མི་ ༡༦,༠༠ དེ་ཅིག་དང་ པཱརཐ་གི་གཟིགས་སྟོན་ཐང་ཆེན་ ཨེཆ་བི་ཨེཕ་པཱག་ སི་ཊེ་ཌི་ཡམ་ནང་ མཇལ་ཕྲད་མཛད་གནང་ནུག།
དེ་ཡང་ འབྲུག་མི་ཚུ་ ཉིནམ་དང་པར་ པཱརཐ་གི་གཟིགས་སྟོན་ཐང་ཆེན་ནང་ མ་ཤོང་ནི་དེ་གིས་ ཉིན་གྲངས་ ༢ ཀྱི་ ལས་རིམ་ཐོག་ལུ་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ མཇལ་ཕྲད་མཛད་གནང་ཡོདཔ་ད་ འབྲུག་མི་མང་ཤོས་ཅིག་ པཱརཐ་མངའ་སྡེའི་ནང་ སྡོད་དོ་ཡོདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ མི་དབང་རྒྱལ་སྲསམོ་ བསོད་ནམས་གཡང་སྒྲོན་དབང་ཕྱུག་ཚུ་ གཟིགས་སྟོན་ཐང་ཆེན་དེ་ནང་ ཕེབས་པའི་སྐབས་ལུ་ འབྲུག་མི་ཚུ་གི་སེམས་ཁར་ ཨ་རྟག་དང་མ་འདྲ་བའི་ དགའ་སྤྲོ་སྦོམ་བྱུང་ནུག།
དེ་བསྒང་ མི་དབང་མངའ་ཞབས་མཆོག་གིས་ ཨཱཛ༌ཊེ༌ལི་ཡ་ལུ་ དེ་སྦེ་ བྱོན་དགོ་པའི་ གནད་དོན་གཙོ་བོ་ར་ འབྲུག་མི་ཚུ་དང་ མཇལ་ཕྲད་ཀྱི་དོན་ལུ་ཨིན་ཟེར་ གསུངས་གནང་པའི་ཁར་ འབྲུག་རྒྱལ་ཁབ་ཀྱི་ རྒྱལ་ཡོངས་ལས་འགུལ་སྦོམ་ཤོས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་སྐོར་ལས་ཡང་ གསུངས་གནངམ་དང་འབྲེལ་ ཨཱཛ༌ཊེ༌ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་གིས་ བསམ་ལན་ཚུ་ཡང་ ཕུལ་དགོཔ་སྦེ་ གསུངས་གནང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བཀོད་ཁྱབ་འགཙོ་འཛིན་འགོ་དཔོན་ མཱུན་ལི་ཡོང་ལིའུ་གིས་གཙོས་པའི་ འཐུས་མི་སྡེ་ཚན་གྱིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ འཆར་གཞི་ཨམ་གྱི་སྐོར་ལས་ གསལ་བཤད་འབད་བའི་ནང་གསལ་ ཕྱིའི་རྒྱལ་ཁབ་ཚུ་ནང་ཡོད་མི་ འབྲུག་མི་ཚུ་གིས་ ལས་འགུལ་གོང་འཕེལ་དེ་ནང་ ཕན་ཐབས་ཀྱི་ གོ་སྐབས་ཡོད་ལུགས་ཚུ་གི་སྐོར་ལས་ཡང་ གསལ་བཤད་འབད་ནུག།
དེ་ཚེ་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱི་དོན་ལས་ འབྲུག་མི་ཚུ་གིས་ ལམ་སྲོལ་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ད་ ལས་རིམ་དེ་ནང་ ཁས་བླངས་པ་དང་ བདེ་སྲུངཔ་ དེ་ལས་ ལམ་སྲོལ་སྤྱན་འབུལ་མི་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ལས་རིམ་སྐབས་ལུ་ འབྲུག་ལས་ ཨཱཛ༌ཊེ༌ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་གི་དོན་ལུ་ བསྣམས་བྱོན་མི་ ནང་རྟེན་བྱིན་ཅན་ཚུ་གི་ མཇལ་ཁ་གནང་ཡོདཔ་མ་ཚད་ མི་དབང་མཆོག་གིས་ཡང་ འབྲུག་མི་ཚུ་དང་ ཞལ་འདྲིས་མཛད་ཡོད་པའི་གནས་ཚུལ།

Please follow and like us: