
སྤྱི་ཟླ་ ༡༠ པའི་ཚེས་ ༢༣ ལུ་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ པེ་ཊཱོལ་ཕྱིར་ཚོང་འཐབ་མི་ རྒྱལ་ཁབ་ཚོགས་པའི་ མ་དངུལ་གྱིས་ འབྲུག་རྒྱལ་ཁབ་དང་གཅིག་ཁར་ འགོ་དང་པ་ འབྲུག་ལུ་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༥༠ སྐྱིན་འགྲུལ་བྱིན་ནི་གི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ སྐྱིན་འགྲུལ་དེ་ཡང་ འབྲུག་གིས་ ཆུར་བརྟེན་གློག་མེ་འཕྲུལ་ཁང་ཆུང་ཀུ་ ༢ བཟོ་བསྐྲུན་ཐོག་ལས་ ནུས་ཤུགས་ཉེན་སྲུང་ བཙན་ཐབས་ལུ་ཨིན་པས།
པེ་ཊཱོལ་ཕྱིར་ཚོང་འཐབ་མི་ རྒྱལ་ཁབ་ཚོགས་པའི་ མ་དངུལ་གྱི་གཙོ་འཛིན་ ཨབ་དཱུལ་ཧ་མིད་ ཨཱལ་ཁ་ལི་ཕ་གིས་ ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་སྐབས་ལུ་ ཁོང་གི་ཁ་ཐུག་ལས་ འབྲུག་ལུ་ སྐྱིན་འགྲུལ་འགོ་དང་པ་ བྱིན་མི་དེ་གིས་ ཁོང་གི་མ་དངུལ་གྱི་ཁ་ཐུག་ལས་ འབྲུག་གི་གོང་འཕེལ་གྱི་ གཙོ་རིམ་ཚུ་ནང་ རྒྱབ་སྐྱོར་འབད་ནི་གི་ ཁས་ལེན་དང་ མཉམ་འབྲེལ་གྱི་ བརྡ་མཚོན་སྟོནམ་ཨིན་ཟེར་བཤད་ནུག།
ཆིངས་ཡིག་དེ་ཡང་ ཝ་ཤིང་ཊཱོན་ཌི་སི་ལུ་ འཛམ་གླིང་དངུལ་ཁང་དང་ རྒྱལ་སྤྱི་དངུལ་འབྲེལ་མ་དངུལ་གྱི་ ཞལ་འཛོམས་སྐབས་ལུ་ བཟོ་ཡོདཔ་ད་ སྐྱིན་འགྲུལ་དེ་ སྒམ་རི་ཆུ་དང་ བོད་སྒར་ནང་གི་ གློག་མེའི་འཕྲུལ་ཁང་གི་དོན་ལུ་ཨིནམ་ལས་ དེ་བཟུམ་མའི་ སླར་བྱུང་ནུས་ཤུགས་གསརཔ་ལུ་བརྟེན་ཏེ་ རྒྱལ་ཡོངས་གློག་མེའི་ཁྱབ་ཚད་ ཡར་སེང་འབད་ཚུགས་པའི་ཁར་ འཚོ་གནས་ལེགས་སྒྱུར་དང་ ས་གནས་ཀྱི་ དཔལ་འབྱོར་ལུ་ཡང་ བཙན་ཐབས་འབྱུང་འོང་ཟེར་ཨིན་པས།
དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ འབྲུག་རྒྱལ་ཁབ་འདི་ རང་བཞིན་ཐོན་ཁུངས་ཀྱིས་ཕྱུག་པའི་ རྒྱལ་ཁབ་ཅིག་འབདཝ་ལས་ དམིགས་བསལ་གྱིས་ ནུས་ཤུགས་ཐོན་ཁུངས་རྒྱ་སྐྱེད་ཐོག་ལས་ ས་འོག་གྱུར་རྡོའི་ཐོན་ཁུངས་ ནང་འདྲེན་འབད་ནི་དེ་ མར་ཕབ་འབད་ཚུགས་ནི་ཨིནམ་མ་ཚད་ ནུས་ཤུགས་ཀྱི་ གནས་གོང་ཏན་ཏན་བཟོ་ནི་དང་ སླར་བྱུང་ལས་སྡེའི་ནང་ ལཱ་གཡོག་གོང་འཕེལ་གཏང་ནི་ལུ་ཡང་ ཕན་ཐོགས་འོང་ཟེར་གསུངས་ནུག།
དེ་དང་གཅིག་ཁར་ སླར་བྱུང་ནུས་ཤུགས་གོང་འཕེལ་ལུ་ བརྩོན་ཤུགས་བསྐྱེད་མི་དེ་གིས་ འབྲུག་གིས་ཁས་ལེན་འབད་དེ་ཡོད་མི་ རྒྱལ་སྤྱིའི་གནམ་གཤིས་ཀྱི་དམིགས་དོན་ཚུ་ འགྲུབ་ནི་ལུ་ཡང་ ཁེ་ཕན་འབྱུང་འོང་ཟེར་ཨིན་པས།
ད་རེས་ པེ་ཊཱོལ་ཕྱིར་ཚོང་འཐབ་མི་ རྒྱལ་ཁབ་ཚོགས་པའི་ མ་དངུལ་གྱི་ སྐྱིན་འགྲུལ་ཐོག་ལས་ ཤར་ཕྱོགས་ཁ་ཐུག་གི་ སྒམ་རི་ཆུ་ལུ་ གློག་མེ་མེ་ག་ཝཱཊ་ ༤༥ འབད་མི་དང་ ནུབ་ཕྱོགས་ཁ་ཐུག་གི་ བོད་སྒར་ནང་ལུ་ གློག་མེ་མེ་ག་ཝཱཊ་ ༢༥ འབད་མི་ ༢ ཀྱིས་ བཀྲིས་སྒང་གིས་གཙོས་པའི་ ལུང་ཕྱོགས་གཙོ་བོ་ཚུ་ནང་ མི་སེར་ ༥༠,༠༠༠ དེ་ཅིག་ལུ་ གློག་མེ་བཀྲམ་སྤེལ་ ལེགས་སྒྱུར་འབད་ཚུགས་ནི་ཨིན་པའི་གནས་ཚུལ།





Users Today : 769
Users Yesterday : 6933
This Month : 65138
This Year : 293979
Total Users : 1005795
Views Today : 7696
Total views : 2924113
Who's Online : 7