
བི་བི་སི།
སྤྱི་ཟླ་ ༡༠ པའི་ཚེས་ ༣༠ ལུ་ ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁ་ཐུག་ལུ་ མདུན་བསྐྱོད་མང་སུ་འབད་དོ་ཡོད་པའི་ དུས་སྐབས་ནང་ ཡུ་ཀེ་རེན་གྱིས་ དམག་གསར་ཁ་སྐོང་ ༡༦༠,༠༠༠ དེ་ཅིག་ བཙུགས་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
དེ་ཡང་ ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ ལུང་ཕྱོགས་ཀཱརཛ་ཟེར་སར་ བཙན་འཛུལ་གྱི་ ཁས་ལེན་དང་འབྲེལ་ཏེ་ དམག་མི་ཁ་སྐོང་ཚུ་ བཙུགས་ནི་ཨིནམ་ད་ དེ་སྦེ་ དམག་མི་ཁ་སྐོང་བཙུགས་དགོ་པའི་ གནད་དོན་གཞན་ཡང་ བར་སྐབས་ཅིག་ཁར་ བྱང་ཀོ་རི་ཡའི་ དམག་མི་དག་པ་ཅིག་ ར་ཤི་ཡའི་ དམག་རྒྱབ་སྦེ་ འཛུལ་དོ་ཡོད་མི་དང་བསྟུན༌ཏེ༌ཨིན༌པས།
པེན་ཊ་གཱོན་གྱི་ ཚོད་རྩིས་དང་འཁྲིལཝ་ད་ ར་ཤི་ཡའི་ ཤར་ཕྱོགས་ལུ་ བྱང་ཀོ་རི་ཡའི་ དམག་མི་ ༡༠,༠༠༠ དེ་ཅིག་གིས༌ སྦྱང་བད་འབད་དོ་ཡོདཔ་སྦེ་ཨིན༌པས།
ཡུ་ཨེཛ་གིས་ བཤད་དོ༌བཟུམ༌འབད༌བ༌ཅིན་ བྱང་ཀོ་རི་ཡའི་ དམག་མི་དག་པ་ཅིག་ ཀཱ༌རིཛ་ལུང་ཕྱོགས་ནང་ བཏང་ཡོདཔ་མ༌ཚད་ ད་རུང་ཡང་ དམག་མི་སྟོང་ཕྲག་ལས་བཅད་དེ་ ལུང་ཕྱོགས་དེ་ཁར་ བཏང་པའི་བསྒང་འདུག་ཟེར་ཨིནམ༌ད༌ ལྷོ་ཀོ་རི་ཡ་གིས་ བྱང་ཀོ་རི་ཡའི༌ དམག་མི་ཚུ་ ར་ཤི་ཡའི་ དམག་གོ་གྱོན་ཏེ་ ས་གནས་མ་འདྲཝ་ཚུ་ནང་ དམག་སྦྱོང་འབད་དོ་ཟེར་ཨིན་པས།
ར་ཤི་ཡའི་ ཁ་ཐུག་ལས་ ཡུ་ཀེ༌རེན་གྱི་ ཤར་ཕྱོགས་ལུང་ཕྱོགས་ ཌོ་ནེཛ་ཟེར་སར་ མདུན་བསྐྱོད་ཐོག་ལས་ སེ་ལི་ཌོབ་ཁྲོམ་དེ་ དབང་གནོན་འབད་ཡོདཔ་ད༌ དེ་ཡང་ ར་ཤི་ཡ་ལུ་ མི་སྟོབས་དང་ ཐོན་ཁུངས་མངམོ་ཡོདཔ་ལས་ ཡུ་ཀེ༌རེན་གྱི་ དམག་སྡེ་ལུ་ ཨེབ་ཤུགས་ཆེ་དོ་ཡོདཔ་ཨིན་པས།
ཡུ་ཀེ་རེན་གྱི་ ཁྲིམས་ལུགས་ལྟར་དུ་ སྐྱེས་ལོ་ ༢༥ ལས་ ༦༠ གི་བར་ན་འབད་མི་ ཕོ་སྐྱེས་ཚུ་གིས་ རང་སོའི་ཁ་གསལ་ཚུ་ གློག་རིག་གནད་སྡུད་ནང་ བཀོད་དགོ་དོ་ཡོདཔ་ད་ དམག་གསར་འཐུ་མི་ འགོ་དཔོན་ཚུ་གིས་ དམག་གསར་གྱི་གྲས་ཁར་ ཐོ་བཀོད་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1403155
Views Today :
Total views : 5000
Who's Online :