
སྤྱི་ཟླ་ ༡༠ པའི་ཚེས་ ༣༠ ལུ་ མི་དབང་རྒྱལ་བཙུན་མཆོག་གིས་ བུམ་ཐང་དབང་འདུས་ཆོས་གླིང་ཕོ་བྲང་གི་ འགྲེམ་སྟོན་ཁང་དང་ ལམ་སྲོལ་ལྟེ་བའི་ རབ་གནས་ཀྱི་ མཛད་སྒོའི་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡི།
རབ་གནས་དེ་ཡང་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ དབུ་ཁྲིད་ཐོག་ལུ་ གནང་ཡོདཔ་ད་ དེ་བསྒང་ མི་དབང་རྒྱལ་ཡུམ་ལྷན་རྒྱས་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ དབུ་གཙོས་པའི་ མི་རྗེ་བློན་ཆེན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་མཛད་ནུག།
རྒྱལ་རབས་ཅན་གྱི་ དབང་འདུས་ཆོས་གླིང་ཕོ་བྲང་ ཉམས་གསོ་ཞུ་ནི་དེ་ མི་དབང་རྒྱལ་ཡུམ་ ཚེ་རིང་དཔལམོ་དབང་ཕྱུག་མཆོག་གི་ ལས་སྟོན་འོག་ལུ་ སྤྱི་ལོ་ ༢༠༡༢ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ལོ་ངོ་བཅུ་ཕྲག་ ༡ གི་ཤུལ་ལས་ བསྒྲུབས་ཡོདཔ་ད་ ཕོ་བྲང་དེ་ནང་ འགྲེམ་སྟོན་ཁང་དང་ ལམ་སྲོལ་ལྟེ་བ་ གཞི་བཙུགས་གནང་ནུག།
ཉམས་གསོའི་ལས་འགུལ་དེ་ འབྲུག་གཞི་ཚོགས་ཀྱིས་ ནང་སྲིད་ལྷན་ཁག་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་དང་ མཉམ་འབྲེལ་ཐོག་ལས་ ལག་ལེན་འཐབ་ཡོདཔ་ད་ ཕོ་བྲང་ཉམས་གསོའི་དོན་ལུ་ རྒྱལ་སྤྱིའི་ཉམས་གསོ་མཁས་མཆོག་ཚུ་གིས་ཡང་ ལམ་སྲོལ་ཉམས་སྲུང་ནང་ ས་གནས་ཀྱི་ མཁས་མཆོག་ཚུ་ ཡར་དྲགས་གཏང་ཐབས་ལུ་ འབྲུག་པའི་ལག་རྩལ་པ་ཚུ་དང་གཅིག་ཁར་ ལཱ་ཚུ་འབད་དེ་ ཕན་འདེབས་འབད་ཡོདཔ་ཨིན་པས།
མི་དབང་རྒྱལ་བཙུན་མཆོག་གིས་ ཕྱི་རྒྱལ་ཁག་ལུ་ཡོད་མི་ འབྲུག་པའི་ཆ་རོགས་ཚུ་གིས་ ཁོང་རའི་སྒེར་གྱི་བདག་དབང་ཐོག་ལུ་ཡོད་མི་ འབྲུག་གི་ལམ་སྲོལ་ཅན་གྱི་ ཅ་དངོས་ཚུ་ འགྲེམ་སྟོན་གྱི་དོན་ལས་ ལོག་བྱིན་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་གནང་ཡོདཔ་ད་ ཕོ་བྲང་དེ་ ཉམས་གསོའི་དོན་ལུ་ རྒྱལ་སྤྱིའི་གྲོགས་རམ་དང་ ཡུ་ཨེཛ་སྐུ་ཚབ་ཀྱི་ ལམ་སྲོལ་ཉམས་སྲུང་མ་དངུལ་ དེ་ལས་ འབྲུག་གཞུང་གི་ཁ་ཐུག་ལས་ རྒྱབ་སྐྱོར་ཚུ་མཛད་ནུག།
དེ་ཡང་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༤ པའི་ཚེས་ ༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ཞབས་ལས་ བཀའ་ཤོག་གནང་མི་དང་འཁྲིལ་ཏེ་ དབང་འདུས་ཆོས་གླིང་ཕོ་བྲང་གི་ འགྲེམ་སྟོན་ཁང་དང་ ལམ་སྲོལ་ལྟེ་བ་དེ་ མི་དབང་རྒྱལ་བཙུན་མཆོག་གི་ སྐྱབས་འཛིན་འོག་ལུ་ མདོ་ཆེན་བཀོད་ཚོགས་ཅིག་གིས་ འགོ་འདྲེན་འཐབ་ནི་ཨིན་པས།
འགྲེམ་སྟོན་ཁང་དེ་ ནུས་རྩལ་དང་ལྡན་པའི་ ལམ་སྲོལ་གྱི་ གཙུག་སྡེ་ཅིག་སྦེ་ ཤེས་རིག་ལས་རིམ་དང་ ཞིབ་འཚོལ་གསར་བཏོད་ དེ་ལས་ འབྲུག་གི་རྒྱལ་རབས་ཀྱི་ དུས་སྟོན་བརྩི་སྲུང་ཚུ་ འགོ་འདྲེན་འཐབ་སའི་ ས་གོ་ཅིག་སྦེ་ གནས་ནི་ཨིནམ་ད་ རྒྱལ་ཁབ་ཕྱི་ནང་གཉིས་ཆ་ར་ལས་ མཇལ་འདོད་ཡོད་མི་ཚུ་གི་རྒྱུད་ལུ་ འབྲུག་གི་ལམ་སྲོལ་བཟང་པོ་ལུ་ བརྩི་བཀུར་གཏིང་ཟབ་ཡོདཔ་ བཟོ་ནི་གི་ དམིགས་གཏད་ཡོདཔ་བཞིན་དུ་ འགྲེམ་སྟོན་ཁང་དང་ ལམ་སྲོལ་ལྟེ་བ་དེ་ མི་དམངས་ཀྱི་དོན་ལུ་ སྤྱི་ལོ་ ༢༠༢༥ ལས་ སྒོ་ཕྱེན་ནི་ཨིན་པའི་གནས་ཚུལ།






Users Today : 890
Users Yesterday : 1303
This Month : 66562
This Year : 295403
Total Users : 1007219
Views Today : 1671
Total views : 2927703
Who's Online : 10