
རོའི་ཊརཛ།
སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ རྒྱལ་སྤྱི་དངུལ་འབྲེལ་མ་དངུལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཚོང་འབྲེལ་ནང་ བྱ་སྟབས་མ་བདེ་བའི་ གནད་ལུ་བརྟེན་ཏེ་ རྒྱ་ནག་གི་ བདོག་གཏད་ལས་སྡེ་ནང་གི་ དཀའ་ངལ་དང་ ད་རུང་ཡང་ འབྱུང་ཉེན་ཡོད་པའི་ ཚོང་ལམ་གྱི་ འཚུབ་འགྱུར་ཚུ་གིས་ ཨེ་ཤི་ཡའི་ དཔལ་འབྱོར་ལུ་ ཉེན་ཁ་ཡོདཔ་སྦེ་ཨིན་པས།
དེ་ཡང་ རྒྱ་ནག་གི་ ཚོང་ཆས་ཀྱི་གོང་ཚད་ མར་ཕབ་འབད་མི་དེ་གིས་ ཕྱིར་ཚོང་གི་ སྒྲིག་བཀོད་ཅོག་འཐདཔ་ཡོད་མི་ ཁྱིམ་མཚེས་རྒྱལ་ཁབ་ཚུ་གི་ ལས་སྡེ་ཚུ་ལུ་ གནོད་ཉེན་ཡོདཔ་ལས་ རྒྱ་ནག་གིས་ དཔལ་འབྱོར་བསྐྱར་གསོའི་དོན་ལུ་ མཁོ་འདོད་དང་བསྟུན་པའི་ ཐབས་ལམ་ཚུ་ ལག་ལེན་འཐབ་དགོ་པའི་སྐོར་ལས་ ནན་སྐུལ་འབད་ནུག།
ཨེ་ཤི་ཡའི་དོན་ལུ་ ལུང་ཕྱོགས་དཔལ་འབྱོར་གྱི་ མཐོང་སྣང་དང་འཁྲིལཝ་ད་ རྒྱ་ནག་ལུ་ དཔལ་འབྱོར་བསྐྱར་གསོའི་ དུས་ཡུན་ཕར་འགྱངས་དང་ རེ་འདུན་ལྟར་དུ་ དཔལ་འབྱོར་ཡར་འཕར་གྱི་ ཚད་གཞི་འགྲུབ་མ་ཚུགས་པ་ཅིན་ ལུང་ཕྱོགས་ནང་རྐྱངམ་གཅིག་མིན་པར་ རྒྱལ་སྤྱིའི་གནས་རིམ་ནང་ར་ གནོད་པ་འབྱུང་འོང་ཟེར་ཨིན་པས།
འཕྲལ་ཁམས་ཅིག་གི་ བརྡ་སྟོན་ཚོད་རྩིས་ནང་ ཨེ་ཤི་ཡའི་ དཔལ་འབྱོར་དེ་ སྤྱི་ལོ་ ༢༠༢༤ ལུ་ ཡར་འཕར་བརྒྱ་ཆ་ ༤.༦ དང་ སྤྱི་ལོ་ ༢༠༢༥ ལུ་ བརྒྱ་ཆ་ ༤.༤ སྦེ་ བཀོད་དེ་ཡོདཔ་ད་ དེ་ཡང་ ཤུལ་མའི་ལོ་ལུ་ རྒྱལ་སྤྱིའི་གནས་རིམ་ནང་ སྲིད་བྱུས་གུ་ཡངས་ཚུ་ལུ་བརྟེན་ཏེ་ སྒེར་སྡེའི་མཁོ་འདོད་ལུ་ ཡར་སེང་འཐོན་སྲིད་ནི་དང་འབྲེལ་ཏེ་ སྤྱི་ལོ་ ༢༠༢༤ དང་ ༢༠༢༥ ལུ་ དཔལ་འབྱོར་ཡར་འཕར་གྱི་ བརྡ་སྟོན་ཚོད་རྩིས་ཚུ་ བརྒྱ་ཆ་ ༠.༡ རེ་གིས་ ཡར་སེང་འབད་ཡོདཔ་སྦེ་བཀོད་ནུག།
འདས་པའི་དུས་ལུ་ དངུལ་འབྲེལ་ཐབས་ལམ་ དམ་དྲགས་བཟོ་མི་དང་ རྒྱལ་སྤྱིའི་གནས་རིམ་ནང་ མ་འགྲིག་པའི་ གནས་སྟངས་ཚུ་གིས་ རྒྱལ་སྤྱིའི་མཁོ་འདོད་ལུ་ གནོད་པ་བྱུང་ཡོདཔ་ལས་ ཚོང་འབྲེལ་གྱི་ གནས་གོང་ཚུ་ཡང་ ཡར་སེང་སོང་སྟེ་ ཚོང་ལམ་ཚུ་ལུ་ ཐོ་ཕོག་ནི་དེ་གིས་ དཔལ་འབྱོར་ལུ་ ཉེན་ཁ་ཡོད་ཟེར་ཨིན་པས།
བདུན་ཕྲག་ཧེ་མའི་ནང་ རྒྱལ་སྤྱི་དངུལ་འབྲེལ་མ་དངུལ་དང་ འཛམ་གླིང་དངུལ་ཁང་གི་ ལོ་བསྟར་ཞལ་འཛོམས་སྐབས་ལུ་ གསུང་གྲོས་གཙོ་བོ་ར་ འཛམ་གླིང་ནང་ དཔལ་འབྱོར་ཡར་འཕར་གྱི་ ཚད་གཞི་དམའ་སུ་ཡོད་མི་དང་ བུ་ལོན་མཐོ་དྲགས་ཡོད་མི་ དེ་ལས་ ཡར་སེང་ཅན་གྱི་ དམག་འཁྲུག་ཚུ་གི་སྐོར་ལས་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1396774
Views Today :
Total views : 5000
Who's Online :