ཨ་མེ་རི་ཀའམ་ ཡུ་ཨེཛ་ཨེའི་ སྲིད་འཛིན་བཙག་འཐུའི་ནང་ལས་ ཌོ་ནཱལ་ཊཱམ་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༡༡ པའི་ཚེས་ ༦ ལུ་ ཨ་མེ་རི་ཀའམ་ ཡུ་ཨེཛ་ཨེའི་ སྲིད་འཛིན་བཙག་འཐུའི་ནང་ལས་ རེ་པབ་ལི་ཀཱན་ སྲིད་ཚོགས་ཀྱི་འདེམས་ངོ་ ཌོ་ནཱལ་ཊཱམ་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ད་ བཙག་འཐུ་དེ་གི་དོན་ལས་ ཌེ་མོ་ཀེ་རི་ཊིག་ སྲིད་ཚོགས་ཀྱི་འདེམས་ངོ་ ཀ་མ་ལ་ ཧར་རིཛ་དང་ ཌོ་ནཱལ་ཊཱམ་ ༢ ཀྱི་བར་ན་ དོ་འགྲན་འབད་ཡོདཔ་ཨིན་པས།
སྐྱེས་ལོ་ ༧༨ འབད་མི་ ཌོ་ནཱལ་ཊཱམ་གྱིས་ ལོ་ངོ་ ༤ གི་ ཧེ་མ་ཡང་ ཡུ་ཨེཛ་གི་ སྲིད་འཛིན་འབད་ཡོདཔ་ད་ ད་རེས་ ལོ་ངོ་ ༤ གི་རྒྱབ་ལས་ ལོག་སྟེ་ར་ སྲིད་འཛིན་སྦེ་ བཙག་འཐུ་གྲུབ་ནུག།
དེ་སྦེ་ བཙག་འཐུ་གྲུབ་པའི་ཉིན་མར་ རྒྱབ་སྐྱོར་འབད་མི་ཚུ་ སྤུངས་འཛོམས་འབད་སར་ ཨ་མེ་རི་ཀ་གིས་ ཁོ་ལུ་ སྔོནཆད་མ་བྱུང་པའི་ དབང་ཚད་ཅན་གྱི་ འགན་ཁུར་བཀལ་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས།
ཌོ་ནཱལ་ཊཱམ་གྱིས་ སྤྱི་ལོ་ ༢༠༢༠ གི་ བཙག་འཐུའི་སྐབས་ལུ་ ཚོགས་རྒྱན་ཚུ་ གཡོ་སྒྱུའི་སྒོ་ལས་ སྒྱུར་བཅོས་འབད་དེ་ ཁོ་བཙག་འཐུ་མ་གྲུབ་སྦེ་ བཟོ་ཡི་ཟེར་ བཤད་ཡོདཔ་ལས་ ཁོ་གི་རྒྱབ་སྐྱོར་པ་ཚུ་གིས་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༡ པའི་ཚེས་ ༦ ལུ་ ངོ་རྒོལ་འགྲེམ་སྟོན་འབད་ཡོད་རུང་ སྲིད་དོན་གྱི་ ལཱ་གཡོག་དེ་ མཇུག་བསྡུ་ཡོད་པའི་ ཚོར་སྣང་བསྐྱེད་ནུག།
ཁོ་གིས་ རྒྱལ་ཁབ་ནང་ གོང་ཚད་ཡར་སེང་ཅན་གྱི་ གནས་སྟངས་ཀྱི་སྐོར་ལས་ སྒྲུབ་བྱེད་ག་ནི་ཡང་ མེད་མི་དེ་ ངེས་བདེན་ཨིནམ་སྦེ་ བཤད་པའི་ཁར་ རྒྱལ་ཁབ་ནང་ ཉེས་འགེལ་ཚུ་ཡང་ ཁྲིམས་མཐུན་མེད་མི་ ཕྱི་མི་ནང་བསྐྱོད་ལས་ ཐོན་ཡོདཔ་སྦེ་ བཤད་པ་ལུ་བརྟེན་ཏེ་ ཌེ་མོ་ཀེ་རི་ཊིག་ སྲིད་ཚོགས་ཀྱི་འདེམས་ངོ་ ཀ་མ་ལ་ ཧར་རིཛ་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ཚོགས་རྒྱན་བཙུགས་མི་ཚུ་གིས་ རྒྱལ་ཁབ་ནང་ ལཱ་གཡོག་དང་ དཔལ་འབྱོར་གྱི་ དཀའ་ངལ་ཚུ་ ཚ་གྱང་ཅན་གྱི་ གཞི་ཅིག་སྦེ་ རྩིས་དོ་ཡོདཔ་ད་ དེ་ཡང་ ད་རེ་ཀྱི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་གྱི་གཞུང་ལུ་ ཁ་ཉེས་བཀལ་དོ་ཡོདཔ་ལས་ དཀའ་ངལ་དེ་ཚུ་ སེལ་ནིའི་དོན་ལུ་ ཀ་མ་ལ་ ཧ་རིཛ་དེ་ ཇཱོ་བའི་ཌེན་གཞུང་གི་ སྲིད་འཛིན་འོགམ་འབདཝ་ལས་ མང་ཤོས་ཅིག་གིས་ར་ ཀ་མ་ལ་དང་ཕྱདཔ་ད་ ཌོ་ནཱལ་ཊཱམ་ལུ་ བློ་གཏད་དང་ ཡིད་ཆེས་བསྐྱེད་དེ་ ཚོགས་རྒྱན་བཙུགས་ནུག།
ད་རེས་ ཌོ་ནཱལ་ཊཱམ་གྱིས་ སྲིད་འཛིན་གྱི་ བཙག་འཐུའི་ནང་ལས་ རྒྱལ་ཁ་ཐོབ་ནི་དེ་གིས་ ཡུ་ཨེཛ་གི་ ཚོང་འབྲེལ་དང་ གནམ་གཤིས་འགྱུར་བགྲོད་སྲིད་བྱུས་ དེ་ལས་ ཁྲལ་དང་ ཕྱི་མི་ནང་བསྐྱོད་ཚུ་ནང་ འགྱུར་བ་སྦོམ་སྦེ་ར་ འབག་འོང་སྲིད་ནི་ཨིན་པས།
ཕྱི་མི་ནང་བསྐྱོད་ཀྱི་ཐེད་ཁར་ ཁོ་གིས་ བསྐུལ་བསྒྲགས་སྐབས་ལུ་ ཁྲིམས་མཐུན་མེད་པར་ ཕྱི་མི་ནང་བསྐྱོད་འབད་མི་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ར་ ཕྱིར་སྤེལ་འབད་ནི་ཨིན་པའི་ གསལ་བཤད་འབད་ནུག།
དེ་མ་ཚད་ འབྲེལ་ཡོད་དབང་འཛིན་ཚུ་གིས་ཡང་ ཐ་དམ་ཚིག་མེད་པའི་ ཞི་གཡོགཔ་ཚུ་ ལཱ་གཡོག་ནང་ལས་ བཏོན་བཏང་དགོཔ་སྦེ་ཨིནམ་ལས་ ཁོ་ལུ་ རྒྱབ་འགལ་འབད་མི་ཚུ་ དྲང་ཁྲིམས་ལས་ཁུངས་དང་ ཁྲིམས་དོན་བསྟར་སྤྱོད་ལས་སྡེ་ཚུ་ སྲིད་དོན་གྱི་ དབང་ལུ་གཏང་སྟེ་ ཁོ་རའི་བྱང་ཕྱད་ཚུ་ ཞིབ་དཔྱད་འབད་ནིའི་དོན་ལུ་་གཡོག་བཀོལ་ནི་ཨིན་པའི་ དོགས་པ་དང་ ཚ་གྱང་ཚུ་ཡོདཔ་ཨིན་པས།
སྲིད་འཛིན་འོགམ་ ཀ་མ་ལ་ ཧར་རིཛ་གི་ ཁ་ཐུག་ལས་ དཔལ་འབྱོར་དང་ ཕྱི་མི་ནང་བསྐྱོད་དང་འབྲེལ་བའི་ གནད་དོན་ལུ་བརྟེན་ཏེ་ ཚོགས་རྒྱན་མངམོ་ ཐོབ་མ་ཚུགས་པར་ ཕམ་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: