
སྤྱི་ཟླ་ ༡༡ པའི་ཚེས་ ༧ ལུ་ རྒྱ་གར་གྱི་ས་གནས་ ད་རང་ག་དང་ ཏ་མཱུལ་པུར་ ཨ་སམ་ཚུ་གི་ གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་དེ་ བསམ་གྲུབ་ལྗོངས་མཁར་ལུ་ གཞུང་འབྲེལ་ཐོག་ལས་ སྒོ་འབྱེད་འབད་ཡོདཔ་ད་ དེ་འབདཝ་ལས་ ད་ལས་ཕར་ ཤར་ཕྱོགས་ལུང་ཕྱོགས་ནང་ འགྲུལ་བསྐྱོད་འབད་ནི་གི་ དང་འདོད་ཡོད་མི་ བལྟ་བཤལཔ་ཚུ་གིས་ བསམ་གྲུབ་ལྗོངས་མཁར་བརྒྱུད་དེ་ འཐོན་འཛུལ་འབད་ཚུགས་ནི་ཨིན་པས།
བསམ་གྲུབ་ལྗོངས་མཁར་དེ་ འབྲུག་ཤར་ཕྱོགས་རྫོང་ཁག་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ མོང་སྒར་ ལྷུན་རྩེ་ པདྨ་དགའ་ཚལ་ཚུ་ལུ་ འགྲོ་འགྲུལ་འབད་སའི་ འཛུལ་སྒོ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ད་ རྫོང་ཁག་དེ་ཚུའི་ནང་ ཆུ་གཞོང་ཚུ་ ཉམས་ཆག་མེད་པར་ མཛེས་ཏོག་ཏོ་ཡོད་པའི་ ས་ཁོངས་སྦེ་ གནས་ཏེ་ཡོད་པའི་ཁར་ལམ་སྲོལ་གྱིས་ཕྱུག་པའི་ མགྲོན་སྐྱོང་ལམ་ལུགས་ཚུ་ལུ་བརྟེན་ཏེ་ ས་གནས་དེ་ཚུའི་ནང་ འགྲུལ་བསྐྱོད་འབད་མི་ཚུ་ལུ་ བདེན་ཁུངས་ཅན་གྱི་ དགའ་སྤྲོའི་ཉམས་མྱོང་ཚུ་ འཐོབ་ཚུགས་ནི་ཨིན་པས།
འབྲུག་ཤར་ཕྱོགས་ལུང་ཕྱོགས་ནང་ ལམ་སྲོལ་ཉམས་མྱོང་གི་ གོ་སྐབས་ལེ་ཤ་ཡོདཔ་ད་ དེ་ཡང་ ཆོས་དང་འབྲེལ་བའི་ ས་ཁོངས་ཚུ་ཡང་ཡོདཔ་ལས་ མགྱོནམོ་ཚུ་གིས་ བཀྲིས་གཡང་རྩེ་ལུ་ མཆོད་རྟེན་སྐོར་ར་དང་ ལྷུན་རྩེ་སྟག་སྐྱིད་ལ་ལུ་ ཕིཊ་ ༡༥༤ འབད་མི་ གུ་རུ་པདྨ་སམ་བྷ་ཝའི་ སྐུ་འདྲ་ལ་སོགས་པ་ཚུ་ མཇལ་ནི་ཡོདཔ་བཞིན་དུ་ གནས་རྩ་ཅན་དེ་ཚུ་ མཇལ་བ་ཅིན་ འབྲུག་གི་སྔར་ཁྱུན་ལམ་སྲོལ་བཟང་པོ་ཚུ་ ཧ་གོ་སྟེ་ རྒྱལ་ཁབ་ཀྱི་ ལམ་ལུགས་ཚུ་གི་སྐོར་ལས་ ཉམས་མྱོང་དམ་ཟབ་འཐོབ་ནི་གི་ ཁེ་ཕན་ཡང་ཡོདཔ་ཨིན་པས།
བལྟ་བཤལ་ལས་ཁུངས་ཀྱི་མདོ་ཆེན་ དམ་ཆོས་རིག་འཛིན་གྱིས་ བསམ་གྲུབ་ལྗོངས་མཁར་གྱི་ གཅིག་སྒྲིལ་ཞིབ་དཔྱད་སྒོ་རའི་ སྒོ་འབྱེད་དེ་ བལྟ་བཤལ་གྱི་ འབྱུང་རབས་ནང་ གལ་ཆེ་བའི་ གནད་དོན་ཅིག་ཨིནམ་ལས་ བལྟ་བཤལཔ་ཚུ་གི་དོན་ལུ་ འཐོན་འཛུལ་སྒོ་ར་སྦེ་ ཞབས་ཏོག་བྱིན་ནི་ཨིན་ཟེར་ བཤདཔ་ཨིན་པས།
དེ་མ་ཚད་ བལྟ་བཤལ་གྱི་ཁ་ཐུག་ལས་ ཤར་ཕྱོགས་ལུང་ཕྱོགས་ནང་ ཡ་མཚན་ཅན་གྱི་ སའི་ཆགས་ཚུལ་དང་ མཉེས་ཆ་ ལམ་སྲོལ་སྣ་མང་ སྤུས་ཚད་ཅན་གྱི་ཐགས་རིགས་ ལམ་སྲོལ་ཅན་གྱི་བཟའ་འཐུང་ དེ་ལས་ བརྩེ་བ་ཅན་གྱི་ མགྲོན་སྐྱོང་ཚུ་གི་ ཉམས་མྱོང་གི་དོན་ལས་ཡང་ འབྱོན་པ་ལེགས་སོ་ཡོད་ལུགས་ བཤདཔ་ཨིན་པས།
འབྲུག་རྒྱལ་ཁབ་ནང་ བལྟ་བཤལ་གྱི་ དུས་ཚོད་མེད་པར་ གནམ་དུས་སོ་སོའི་ནང་ ཉམས་མྱོང་གི་ གོ་སྐབས་ཡང་ སོ་སོ་སྦེ་ར་ཡོདཔ་ལས་ མགྱོནམོ་ཚུ་ལུ་ བལྟ་སྐོར་གྱི་དོན་ལས་ གདམ་ཁ་ཡོད་ལུགས་ཀྱི་སྐོར་ལས་ བཤད་ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1437334
Views Today :
Total views : 5000
Who's Online :