ཤེས་རིག་དང་འབྲེལ་བའི་ ཁྲིམས་ལུགས་གུ་ བསྐྱར་ཞིབ་ཀྱི་ བར་མཚམས་སྙན་ཞུ།

སྤྱི་ཟླ་ ༡༡ པའི་ཚེས་ ༡༨ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཞུགས་རིམ་ ༣ པའི་ནང་ དམིགས་བསལ་ཤེས་རིག་ཚོགས་ཆུང་གི་ཁྲི་འཛིན་ མོང་སྒར་རྫོང་ཁག་གི་འཐུས་མི་ ཚེ་རིང་དབང་ཆེན་གྱིས་ མདང་ཞག་ ཚོགས་ཐེངས་ ༣༣ པའི་ནང་ ཤེས་རིག་དང་འབྲེལ་བའི་ ཁྲིམས་ལུགས་གུ་ བསྐྱར་ཞིབ་ཀྱི་ མཐའ་དཔྱད་སྙན་ཞུ་ཕུལ་ཡི།
དེ་ཡང་ རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༣ པ་ བརྩི་སྲུང་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཤེས་རིག་བསྐྱར་བཟོ་དང་ ལེགས་སྒྱུར་འབད་དགོ་པའི་ བཀའ་སློབ་དང་ སྤྱི་ལོ་ ༢༠༢༠ ལུ་ གསེར་ཁྲི་གུ་ལས་ བཀའ་ཤོག་ཡང་ གནང་ཡོད་མི་ལས་ སེམས་ཤུགས་ཐོབ་སྟེ་ བསྐྱར་ཞིབ་འབད་དགོ་པའི་ རྒྱབ་ཁུངས་དང་ དམིགས་དོན་ ཞིབ་འཇུག་གི་ཐབས་ལམ་ ག་བསྡུར་གྱི་ ཞིབ་འཇུག་དང་ ཞིབ་རྟོག་དང་ ཤེས་རྟོགས་ དེ་ལས་ གྲོས་འདེབས་དང་བཅསཔ་སྦེ་ དོན་ཚན་ཁག་ ༧ དེ་ཅིག་གུ་ སྙན་ཞུ་ཡོངས་རྫོགས་སྦེ་ ཕུལ་ཡོདཔ་ཨིན་པས།
དེ་ལས་ ཚོགས་ཆུང་གིས་ སྙན་ཞུ་ཕུལ་མི་གུ་ འཐུས་མི་ ༧ དེ་ཅིག་གིས་ སྤྱིར་བཏང་གི་ བསམ་འཆར་དང་ དོགས་པ་ཚུ་ བཀོད་མི་ལུ་ ཚོགས་ཆུང་གི་ འཐུས་མི་ཚུ་གིས་ བཀྲིན་དགའ་ཚོར་དང་གཅིག་ཁར་ དོགས་སེལ་དང་ ལན་གསལ་ཚུ་ཞུ་ཡི།
དེ་ལས་ ཡུན་བརྟན་ཅན་གྱི་ ཁྲིམས་ལུགས་བཟོ་ནི་དང་ ལག་ལེན་དང་ ལྟ་རྟོག་ ཐབས་ལམ་ཚུ་ ཡར་དྲག་གཏང་ནི་ དེ་ལས་ སྲིད་བྱུས་གཅིག་མཐུན་དང་ འབྲེལ་མཐུན་གོང་འཕེལ་གཏང་དགོ་པའི་ གྲོས་འདེབས་ཁག་ ༣ ལུ་ཡང་ ཚོགས་དམངས་ཀྱིས་ གསུང་གྲོས་ཡུན་རིངམོ་སྦེ་ གནང་པའི་མཐའ་མར་ གྲོས་འདེབས་གསུམ་པ་འདི་ ཆ་འཇོག་གྲུབ་ཡོད་རུང་ གྲོས་འདེབས་ ༡ པ་དང་ ༢ པ་འདི་ ཞུན་དག་འབད་དེ་ མཐའ་དཔྱད་གྲོས་འདེབས་ཀྱི་དོན་ལུ་ ནང་འཁོད་ཞལ་འཛོམས་ འཚོགས་དགོ་པའི་ བཀའ་གནང་ནུག།
དེ་བཟུམ་སྦེ་ ཚོགས་ཁང་ནང་ལས་ སློབ་གྲྭ་མཉམ་སྡེབས་འབད་བའི་ སྲིད་བྱུས་ཀྱི་ གྲོས་འདེབས་གསརཔ་གུ་ གསུང་གྲོས་གནང་ནི་དོན་ལུ་ཡང་ ནང་འཁོད་ཞལ་འཛོམས་ནང་ གསུང་གྲོས་གནང་དགོ་པའི་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

Please follow and like us: