
རོའི་ཊརཛ།
སྤྱི་ཟླ་ ༡༡ པའི་ཚེས་ ༢༧ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་དང་ ཕ་རཱནཛ་གི་ཁ་ཐུག་ལས་ བར་འཛུལ་འབད་དེ་ ཨིཛ་རེལ་དང་ ཨི་རཱན་གྱིས་ རྒྱབ་སྐྱོར་འབད་མི་ དྲག་དམག་སྡེ་ཚན་ ཧེཛ་བོ་ལའི་བར་ན་ ཕྱད་མདའ་ལང་སྟེ་ཡོད་མི་དེ་ མཚམས་འཇོག་འབད་ནུག།
དེ་བསྒང་ བེ་རུཊ་གི་ས་ཁོངས་ནང་ ཀྲོབ་མདའི་སྐད་ཚུ་ གོ་མི་དེ་ ཕྱད་མདའ་མཚམས་འཇོག་གི་ དགའ་སྟོན་ལུ་ཨིན་ན་དང་ ཡང་ཅིན་ མི་སེར་ཚུ་ ས་ཁོངས་དེ་ནང་ལས་ འཐོན་འགྱོ་དགོ་པའི་ ཉེན་བརྡ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ ཕྱད་མདའ་མཚམས་འཇོག་གི་ཤུལ་ལས་ ཨིཛ་རེལ་གྱི་ ས་མཚམས་ཁར་ཡོད་མི་ ལྷོ་ལེ་བ་ནཱོན་ལུ་ སྣུམ་འཁོར་ལེ་ཤ་ཅིག་ འགྲུལ་བསྐྱོད་འབད་ནི་འགོ་བཙུགས་ནུག།
ཕྱད་མདའ་མཚམས་འཇོག་གི་ གནས་ཚིག་ལྟར་དུ་འབད་བ་ཅིན་ ག་ཟ་ལུ་ ཕྱད་མདའ་རྐྱབ་མིའི་ནང་ མི་གྲངས་སྟོང་ཕྲག་ལས་བཅད་དེ་ དམར་བསད་འབད་ཡོད་མི་ ཨིཛ་རེལ་དང་ ལེ་བ་ནཱོན་གྱི་ ས་མཚམས་བདའ་སྟེ་ འཛིང་འཁྲུག་ཚུ་ རྩ་ལས་ར་ ལང་ནི་མེདཔ་སྦེ་ བཞག་ནི་ཨིན་པའི་ ཁས་ལེན་འབད་ཡི་ཟེར་ཨིན་པས།
སྤྱི་ཟླ་ ༡༡ པའི་ཚེས་ ༢༦ ལུ་ ཨིཛ་རེལ་གྱི་ ལྷན་རྒྱས་གཞུང་ཚོགས་ནང་ལས་ མཚམས་འཇོག་གི་ ཆིངས་ཡིག་ལུ་ གནང་བ་གྲུབ་པའི་ཤུལ་ལས་ ཡུ་ཨེཛ་གི་སྲིད་འཛིན་ བ་ཡེ་ཌེན་གྱིས་ ཨིཛ་རེལ་གྱི་བློན་ཆེན་ ནེ་ཏ་ནི་ཡ་ཧུ་དང་ ལེ་བ་ནཱོན་གྱི་ གནས་སྐབས་བློན་ཆེན་ ན་ཇིབ་མི་ཀ་ཏི་ ༢ དང་གཅིག་ཁར་ གསུང་གྲོས་གནང་མི་དང་བསྟུན་ཏེ་ ཕྱད་མདའ་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༢༧ གྱི་དྲོ་པར་ ས་གནས་ཀྱི་ ཆུ་ཚོད་ ༤ ལས་ མཛམས་འཇོག་འབད་ནི་སྦེ་ ཁ་འཆམས་ཡོད་པའི་ གསལ་བཤད་གནང་ནུག།
ཁོ་གིས་འབད་བ་ཅིན་ ད་རེས་ཀྱི་ ཕྱད་མདའ་མཚམས་འཇོག་དེ་ ཨིཛ་རེལ་དང་ ཧེཛ་བོ་ལའི་བར་ན་ གཏན་འཇགས་ཀྱི་ འཆམ་ཁ་ཨིནམ་ལས་ ད་ལས་ཕར་ ཧེཛ་བོ་ལ་དང་ དྲག་ཐོག་དབང་བཙོང་སྡེ་ཚན་ གཞན་ག་གིས་ཡང་ ཨིཛ་རེལ་ལུ་ གནོད་འཚུབ་བཀལ་ནི་མེདཔ་སྦེ་ བཟོ་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ ཨིཛ་རེལ་གྱིས་ ཉིན་གྲངས་ ༦༠ གི་ ནང་འཁོད་ལུ་ ཁོང་གི་དམག་མི་ཚུ་ ལེ་བ་ནཱོན་གྱི་ ས་ཁོངས་ནང་ལས་ ཕྱིར་བཏོན་འབད་ནི་དང་ ས་ཁོངས་དེ་ཚུ་ ལེ་བ་ནཱོན་གྱིས་ བདག་འཛིན་འཐབ་ཐོག་ལུ་ ཧེཛ་བོ་ལ་གིས་ གཞི་རྟེན་མཁོ་ཆས་ཚུ་ ས་ཁོངས་དེ་ནང་ བཟོ་བསྐྲུན་འབད་ནི་མེདཔ་ ངེས་གཏན་བཟོ་ནི་དང་ ས་ཁོངས་དེ་ཚུའི་ནང་ལས་ ས་གནས་གཞན་ཁར་ གཞི་གནས་སྤོ་དགོཔ་ཐོན་མི་ ཞི་བའི་མི་སེར་ཚུ་ཡང་ ཉེན་སྲུང་དང་ལྡན་པའི་སྒོ་ལས་ རང་སོ་སྡོད་སར་ ལོག་ཚུགས་ཟེར་བཀོད་ནུག།
ཨིཛ་རེལ་གྱི་ དམག་མི་ཚུ་ ཕྱིར་བཏོན་འབད་བའི་སྐབས་ལུ་ ལེ་བ་ནཱོན་གྱི་ ཁ་ཐུག་ལས་ དམག་མི་ ༥,༠༠༠ དེ་ཅིག་ ལྷོ་ལེ་བ་ནཱོན་ལུ་ བཙུགས་ནི་ཨིནམ་ད་ ཨིཛ་རེལ་གྱི་བློན་ཆེན་ ནེ་ཏ་ནི་ཡ་ཧུ་གིས་ གལ་སྲིད་ ཧེཛ་བོ་ལ་དམག་སྡེ་གིས་ ཆིས་ཡིག་ལུ་མ་གནས་པའི་ གནད་རེ་འཐོན་པ་ཅིན་ ཨིཛ་རེལ་གྱིས་ གདོང་ལན་ཚབས་ཆེན་སྦེ་ར་ ལག་ལེན་འཐབནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 3920
Users Yesterday : 3320
This Month : 94364
This Year : 390330
Total Users : 1102146
Views Today : 6670
Total views : 3077730
Who's Online : 21