
སྤྱི་ཟླ་ ༡༡ པའི་ཚེས་ ༢༦ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་ནང་ སྡེ་ཚན་ག་པའི་ བློན་པོ་ཚུ་ལུ་ དྲི་བ་བསྡོམས་ ༧ ཕུལ་ཡོདཔ་ད་ དེ་ཡང་ ངག་ཐོག་གི་ དྲི་བ་ ༦ དང་ ཡིག་ཐོག་གི་དྲི་བ་ ༡ ཨིན་པས།
དེ་ཡང་ དངུལ་རྩིས་བློན་པོ་ལུ་ དྲི་བ་ ༤ དང་ ནང་སྲིད་བློན་པོ་དང་ ཕྱི་འབྲེལ་བློན་པོ་ལུ་ དྲི་བ་རེ་རེ་ བཀོད་ཡོདཔ་ད་ ཡིག་ཐོག་གི་ དྲི་བ་ ༡ པོ་དེ་ ནང་སྲིད་བློན་པོ་ལུ་ཕུལ་ནུག།
དངུལ་རྩིས་བློན་པོ་ལུ་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་གྱི་ཁེ་ཕན་ དངུལ་ཀྲམ་ ༣༠,༠༠༠ ལས་ དངུལ་ཀྲམ་ ༡༥༠,༠༠༠ ལུ་ ཡར་སེང་འབད་ནི་གི་ ཁས་བླངས་དང་འབྲེལ་བའི་ ཞིབ་འཚོལ་གྱི་ གནས་སྟངས་དང་ རེ་བ་བསྐྱེད་པའི་དུས་ཚོད་ ཡང་ན་ གྲོས་ཐག་བཅད་ནིའི་སྐོར་ལས་ དུས་མཐུན་བཟོ་དགོ་པའི་ དྲི་བ་བཀོད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལོ་ལྔའི་འཆར་གཞི་ ༡༣ པའི་དོན་ལུ་ རྒྱ་གར་གཞུང་དང་ གོང་འཕེལ་མཉམ་རོགས་གཞན་ཚུ་ལས་ མ་དངུལ་ཐོབ་མིའི་ གནས་རིམ་དང་ སྣ་མང་ལས་འགུལ་དང་ གོང་འཕེལ་ཆུང་བའི་ལས་འགུལ་ གཞན་མི་གྲོགས་རམ་གྱི་འོག་ལུ་ཐོབ་མི་ མ་དངུལ་གྱི་ གནས་ཚད་དང་ ད་ལྟོ་ཚུན་ཚོད་ ཆ་འཇོག་གྲུབ་མི་ ལས་འགུལ་གྱི་ གྱངས་ཁ་ཚུ་གི་སྐོར་ལས་ དྲི་བ་བཀོད་ནུག།
དེ་མ་ཚད་ ཧཱ་རྫོང་ཁག་ནང་ཡང་ སའི་བཅའ་ཁྲིམས་ ༢༠༠༧ ཅན་མའི་ ནང་གསལ་ལྟར་དུ་ ས་ཁ་མཐོ་སའི་ ས་ཁོངས་ཚུ་ནང་ ཁྲལ་ཚད་བརྒྱ་ཆ་ ༩༠ དེ་རེ་ ཐོབ་ལམ་མེདཔ་ཨིན་ན་དང་ གཞུང་གིས་ སྐྱིན་འགྲུལ་ལས་ གནས་གོང་གཏའ་མའི་ ཆ་ཚད་དེ་ བརྒྱ་ཆ་ ༩༥ ལུ་ ཡར་སེང་འབད་ནི་སྦེ་ ཁས་བླངས་འབད་མི་ལུ་ དུས་མཐུན་བཟོ་ནི་གིས་མ་ཚད་པར་ སྐྱེད་ཀྱི་ཚད་གཞི་ མར་ཕབ་འབད་ནི་དང་ བསྒྱུར་བཅོས་དེ་ཚུ་ ལག་ལེན་འཐབ་ནི་གི་ དུས་ཚོད་ཚུ་རྩིས་ཏེ་ སྣུམ་འཁོར་ཉོ་ནིའི་དོན་ལུ་ བུ་ལོན་དང་འདྲ་མཉམ་གྱི་ ཆ་ཚད་ཡར་སེང་འབད་ནི་ཚུ་གི་སྐོར་ལས་ཡང་ དྲི་བ་བཀོད་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་གིས་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་དེ་ དངུལ་ཀྲམ་ ༣༠,༠༠༠ ལས་ ༡༥༠,༠༠༠ ལུ་ ཡར་སེང་གི་སྐོར་ལས་ དངུལ་འབྲེལ་ལས་སྡེ་ཚུ་དང་ མཉམ་འབྲེལ་ཐོག་ལུ་ གནད་དོན་ཚུ་ དངུལ་འབྲེལ་ཞབས་ཏོག་བཅའ་ཁྲིམས་ནང་ བསྒྱུར་བཅོས་འབད་དེ་ སེལ་དོ་ཡོད་པའི་ དོགས་སེལ་དང་འབྲེལ་ གཞུང་གི་ཁ་ཐུག་ལས་ ཁས་བླངས་འབད་མི་ཚུ་ འགྲུབ་ནིའི་དོན་ལུ་ ལཱ་ཚུ་འགོ་བཙུགས་ཏེ་ཡོདཔ་ཨིན་པས།
རྒྱ་གར་གཞུང་ལས་ ལས་འགུལ་ཆེ་བ་དང་ཆུང་བའི་ གྲོགས་རམ་གྱི་ གནས་རིམ་སྐོར་ལས་ དངུལ་རྩིས་བློན་པོ་གིས་ གསར་སྒྲུབ་མ་དངུལ་རྒྱབ་སྐྱོར་དེ་ དངུལ་ཀྲམ་ས་ཡ་ ༩༠ མེན་པར་ དངུལ་ཀྲམ་ས་ཡ་ ༤༠ ཨིན་པའི་ དོགས་སེལ་འབད་ཡོདཔ་ད་ ལོ་ལྔའི་འཆར་གཞི་ ༡༣ པའི་འོག་ལུ་ འཆར་དངུལ་ས་ཡ་ ༡,༧༩༦.༤༦ འདི་ ལས་འགུལ་ཆེ་བ་གི་ནང་ ཐོབ་ཡོདཔ་བཞིན་དུ་ ལས་འགུལ་ ༦༡ ཆ་འཇོག་གྲུབ་ཡོདཔ་བཞིན་དུ་ དངུལ་ཀྲམ་ས་ཡ་ ༤༩,༥༧༨.༧༥ ཐོབ་ནུག།
ལས་རིམ་གྱི་ གྲོགས་རམ་དོན་ལུ་ དངུལ་ཀྲམ་ས་ཡ་ ༥ བགོ་བཀྲམ་འབད་ཡོདཔ་ད་ ཟླཝ་ ༤ རེའི་བར་ན་ དངུལ་ཀྲམ་ས་ཡ་ ༢༥༠ བགོ་བཀྲམ་འབད་ནི་དང་ ལས་འགུལ་ཆུང་བའི་ མ་དངུལ་དེ་ ཡུན་བསྣར་ཡར་སོང་རུང་ ད་ལྟོ་ཚུན་ཚོད་ འཆར་དངུལ་གྱི་ བརྒྱ་ཆ་ ༢༠.༥༦ ཐོབ་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་གིས་ ཧཱ་རྫོང་ཁག་ནང་ ས་ཁྲལ་གྱི་ ཕབ་ཆག་དང་འབྲེལ་བའི་ གནད་དོན་དེ་ སྤྱི་འོག་ ༣ རྐྱངམ་གཅིག་ཨིན་མི་དེ་ཡང་ ན་ཁ་དང་ བཀྲིས་སྒང་ ཤ་བ་ཚུ་ནང་ ཕབ་ཆག་གི་ ཁྱད་ཚད་ཚང་ཡོདཔ་སྦེ་ཞུ་ཡི།
ནང་སྲིད་བློན་པོ་ལུ་ རྒྱལ་ཁབ་ནང་ ཆུ་རུད་དང་ ས་རུད་ དེ་ལས་ ནགས་ཚལ་མེ་རྐྱེན་བཟུམ་མའི་ རང་བཞིན་རྐྱེན་ངན་ཚུ་ འབྱུང་སྲིད་ནི་ཨིནམ་ལས་ རྐྱེན་ངན་འཛིན་སྐྱོང་བཅའ་ཁྲིམས་ ༢༠༡༣ ཅན་མ་དང་འཁྲིལཝ་ད་ ས་ཡོམ་གྱི་ གྲ་སྒྲིག་ཚུ་གི་སྐོར་ལས་ དྲི་བ་བཀོད་ཡོདཔ་ཨིན་པས།
དེ་གི་ལན་ལུ་ ནང་སྲིད་བློན་པོ་གིས་ འབྲུག་རྒྱལ་ཁབ་འདི་ རང་བཞིན་གྱི་རྐྱེན་ངན་ཚུ་ལུ་ ཉེན་ཁ་ཡོདཔ་སྦེ་ ངོས་ལེན་འབད་ཡོད་རུང་ ཧེ་མ་ རྐྱེན་ངན་ཚུ་ འཛིན་སྐྱོང་འཐབ་ནིའི་དོན་ལས་ མཁྱེན་རྒྱ་ཆེ་བའི་ འགོ་ཁྲིད་འོག་ལུ་ མཉམ་འབྲེལ་ཐོག་ལས་ བརྩོན་ཤུགས་བསྐྱེད་མི་ལུ་ བཀའ་དྲིན་དགའ་ཚོར་ཞུ་ཡི།
བློན་པོ་གིས་ བདེ་ཆེན་ཆོས་གླིང་གི་ ཆུ་རུད་ལུ་བརྟེན་ཏེ་ གློ་བུར་གྱི་རྐྱེན་ངན་ཚུ་ འཛིན་སྐྱོང་འཐབ་ནི་ལུ་ ཕན་ཐོགས་ཅན་གྱི་ ཉམས་མྱོང་ཐོབ་ཡོདཔ་སྦེ་ ཞུ་བའི་ཁར་ ལྷན་ཁག་གི་ཧོངས་ལས་ རྒྱལ་གཞུང་རྐྱེན་ངན་དབང་འཛིན་དང་ རྒྱལ་ཡོངས་གློ་བུར་ལག་ལེན་ལྟེ་བ་ཅིག་ གཞི་བཙུགས་འབད་ཡོདཔ་མ་ཚད་ གློ་བུར་གྱི་ འཆར་གཞི་ཚུ་ བཟོ་སྟེ་ཡོད་མི་དེ་ འཕྲལ་མགྱོགས་ར་ ལྷན་རྒྱས་གཞུང་ཚོགས་ལུ་ གསལ་ཞུ་འབད་ནི་ཨིན་པའི་ གནས་ཚུལ་ཞུ་ཡོདཔ་ཨིན་པས།
འབྲུག་མི་ཚུ་ ཕུན་ཚོགས་གླིང་ལས་ ངང་ལམ་དང་ བསམ་གྲུབ་ལྗོངས་མཁར་ཚུན་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ གདོང་ལན་བྱུང་མིའི་སྐོར་ལས་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་བློན་པོ་ལུ་ དྲི་བ་བཀོད་ཡོདཔ་ད་ དེ་ཡང་ སྣུམ་འཁོར་ལྗིད་ཅན་གྱི་ འཐུས་མཐོ་དྲགས་དང་ དངུལ་འཐུས་ཐེབས་ལེན་མི་ དེ་ལས་ ཕཱཛ་ཊེག་རིམ་ལུགས་ཀྱི་ གནད་དོན་ཚུ་གི་སྐོར་ལས་ཨིན་པས།
ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་གིས་ ལྷན་ཁག་ལས་ འབྲེལ་ཡོད་མི་ངོམ་ཚུ་དང་ འབྲེལ་བ་འཐབ་སྟེ་ རྒྱ་གར་གཞུང་ལུ་ ཕྱི་འབྲེལ་གྱི་ ཐབས་ལམ་ཐོག་ལས་ གསལ་སྟོན་འབད་དེ་ གནད་དོན་དེ་ཚུ་ སེལ་ཐབས་ལུ་ ལཱ་འབད་དོ་ཟེར་ ཞུ་ཡོད་པའི་གནས་ཚུལ།




Users Today : 3499
Users Yesterday : 3320
This Month : 93943
This Year : 389909
Total Users : 1101725
Views Today : 5944
Total views : 3077004
Who's Online : 27