
སྤྱི་ཟླ་ ༡༡ པའི་ཚེས་ ༢༧ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཞུགས་རིམ་ ༨ པའི་ནང་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༤ ཅན་མའི་གུ་ གསུང་གྲོས་གནང་སར་ སྤུ་ན་ཁ་ བདེ་ཆེན་རྩེ་མོ་ སློབ་གྲྭ་ལྟེ་བའི་ སློབ་དབུ་འཛིན་གྱི་གཙོས་པའི་ སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ གྲལ་གཏོགས་འབད་ནུག།
དེ་ཡང་ སློབ་ཕྲུག་དང་ ལས་བྱེདཔ་ཚུ་གིས་ ཁྲིམས་བཟོའི་བྱ་རིམ་ཚུ་ དངོས་སུ་སྦེ་ མཐོང་ཚུགས་པའི་ གོ་སྐབས་བཟང་པོ་ཅིག་ཨིནམ་མ་ཚད་ རྒྱལ་ཡོངས་ཀྱི་ གལ་གནད་ཆེ་བའི་ གྲོས་ཐག་ཚུ་ ག་དེ་སྦེ་ གཅདཔ་ཨིན་ནའི་སྐོར་ལས་ཡང་ ཤེས་ཚུགསཔ་ཨིན་པས།
ཚོགས་བཞུགས་དེ་ནང་ འཐུས་མི་ཚུ་གིས་ རྒྱལ་ཁབ་ལུ་ གལ་གནད་ཆེ་བའི་ ཁྲིམས་དོན་གཙོ་བོ་ཅིག་ཨིན་མི་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ འཕྲི་སྣོན་དཔྱད་ཡིག་གུ་ གསུང་གྲོས་གནང་ནུག།
སློབ་གྲྭ་གིས་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་མི་དེ་ སློབ་ཕྲུག་ཚུ་ལུ་ གཞུང་སྐྱོང་གི་སྐོར་ལས་ ཤེས་ཡོན་འཐོབ་ཐབས་ལུ་དང་ རྒྱལ་ཡོངས་ཀྱི་ གནད་དོན་ཚུ་ནང་ བཅའ་མར་གཏོགས་ནི་ལུ་ སེམས་ཤུགས་བྱིན་ནིའི་དོན་ལས་ཨིན་པས།
རྒྱལ་ཁབ་ནང་ སློབ་གྲྭ་མང་ཤོས་ཅིག་གི་ སློབ་ཕྲུག་ཚུ་ལུ་ གཞུང་སྐྱོང་དང་ དམངས་གཙོའི་སྐོར་ལས་ སློབ་སྟོན་འབད་ནིའི་དོན་ལུ་ དམངས་གཙོའི་ཚོགས་ཕྲན་ཚུ་ ཡོད་རུང་ ད་རེས་ ཁོང་ཆ་ཁྱབ་ཀྱིས་ ཁྲིམས་བཟོའི་ཚོགས་ཁང་ནང་ དངོས་སུ་སྦེ་ བཅའ་མར་གཏོགས་ནི་དེ་གིས་ རྒྱལ་ཁབ་ཀྱི་ ཁེ་ཕན་ལུ་ གྲོས་ཐག་བཅད་ནིའི་ བྱ་རིམ་ཚུ་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་ནུག།
གསོལ་ཇའི་བམ་གྱི་སྐབས་ལུ་ ཚོགས་སྡེའི་ཁྲི་འཛིན་དང་ འཐུས་མི་ཚུ་གིས་ སློབ་དཔོན་དང་ སློབ་ཕྲུག་ཚུ་དང་གཅིག་ཁར་ ཕྱད་ཐོག་ལས་ དེ་སྦེ་ སྤྲོ་བ་བསྐྱེད་དེ་ གྲལ་གཏོགས་འབད་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོདཔ་མ་ཚད་ ཁྲི་འཛིན་གྱིས་ དམིགས་བསལ་དུ་ སློབ་གྲྭའི་བདག་སྐྱོང་གིས་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་མི་ལུ་ དགའ་ཚོར་ཡོད་ལུགས་དང་ སློབ་ཕྲུག་ཚུ་གིས་ འཕྲོ་མཐུད་དེ་རང་ ལྷབ་སྦྱང་འབད་དེ་ རྒྱལ་ཁབ་ལུ་ ཕན་ཐོགས་འབྱུང་པའི་ སེམས་ཤུགས་ཀྱི་ བཀའ་སློབ་ཚུ་ཡང་ གསུངས་ཡོདཔ་ཨིན།
རྒྱལ་ཁབ་ཀྱི་ དམངས་གཙོའི་བྱ་རིམ་ཚུ་ནང་ འབྲུག་པའི་ན་གཞོན་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་ནི་དང་ གྲལ་གཏོགས་འབད་བཅུག་དགོཔ་དེ་ གལ་ཅན་ཅིག་ཨིན་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1392163
Views Today :
Total views : 5000
Who's Online :