པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ གནམ་དགུན་སྡོད་ས་མེདཔ་ལས་ མི་སེར་ལེ་ཤ་ཅིག་ལུ་ ཤི་རྐྱེན་གྱི་ཉེན་ཁ།

སི་ཨེན་ཨེན།
པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་ཡོདཔ་ལས་ སྡོད་གནས་ཡང་བསྐྱར་སྤོ་དགོཔ་ ཐོན་མི་ཚུ་གི་གྲས་ལས་ གནམ་དགུན་འཐོནམ་ད་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་ལུ་ ཤི་རྐྱེན་འབྱུང་ནི་གི་ ཉེན་ཁ་སྦོམ་སྦེ་ར་ཡོདཔ་ཨིན་པས།
དེ་ཡང་ དེ་ཚེ་ སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལུ་ གནམ་དགུན་གྱི་ རླུང་མ་ཤུགས་སྦེ་ འཕུ་ཡོད་པའི་ཁར་ ཆར་ཤུགས་ལུ་བརྟེན་ཏེ་ཡང་ གནས་སྐབས་ཀྱི་སྒར་ནང་ སྡོད་མི་ཚུ་ལུ་ དཀའ་ངལ་སྦོམ་ར་ བྱུང་སྟེ་ཡོད་ཟེར་བཀོད་ནུག།
དེ་བསྒང་ གནས་སྐབས་ཀྱི་སྒར་ནང་ སྡོད་མི་ཚུ་གིས་ རླུང་འཚུབ་བཟློག་ཐབས་ལུ་ བྱེམ་ཚུ་སྤུངས་ཡོད་རུང་ རྒྱ་མཚོའི་རྦ་རླབས་ཀྱིས་ བྱེམ་སྤུངས་མི་ཚུ་ ཕྱགས་བདའ་ཡོདཔ་ཨིན་པས།
ག་དེ་སྦེ་ཨིན་རུང་ གནད་དོན་དེ་གི་སྐོར་ལས་ འཛམ་གླིང་སྤྱི་ཚོགས་ རྒུད་གསོའི་ལཱ་རིགས་ལས་སྡེ་གིས་ གནམ་དགུན་འཐོནམ་ད་ ག་ཟའི་མི་སེར་ཚུ་གི་དོན་ལུ་ དགོས་མཁོ་ལེ་ཤ་ཅིག་ཡོད་རུང་ གྲོགས་རམ་ཚུ་ ཉུང་སུ་ཅིག་ལས་རྒལ་ཏེ་ མི་ཐོབ་པས་ཟེར་བཀོད་ནུག།
ཁོང་གིས་འབད་བ་ཅིན་ ག་ཟ་ལུ་ གནམ་དགུན་འཐོནམ་ད་ ཨིཛ་རེལ་གྱིས་ མཁའ་ཐོག་གནོད་འཚུབ་ལུ་བརྟེན་ཏེ་ མི་ལུ་ཤི་རྐྱེན་འབྱུང་ནི་གིས་མ་དོ་བར་ གྱང་ཤུགས་དང་ ནད་ཡམས་ བཀྲེས་སྐོམ་ཚུ་ལུ་བརྟེན་ཏེ་ཡང་ རྒན་རྒས་དང་ ཨ་ལོ་ལེ་ཤ་ཅིག་ལུ་ ཤི་རྐྱེན་འབྱུང་ནི་མས་ཟེར་ཨིན་པས།
སྤྱི་ཟླ་ ༡༢ པ་དང་ སྤྱི་ཟླ་ ༡ པའི་ནང་ གནམ་དགུན་གྱི་དུས་ཚོད་ཁར་ ག་ཟའི་ཁྲོམ་ཚོགས་ནང་ དྲོད་ཚད་མར་བབས་འགྱོ་བའི་ཁར་ ཆར་ཆུའི་དུས་ཚོད་ཡང་ སྤྱི་ཟླ་ ༡༡ པ་ལས་ སྤྱི་ཟླ་ ༢ པའི་བར་ན་ ཕོག་ནི་དེ་གིས་ ཤི་རྐྱེན་གྱི་ ཉེན་ཁ་ཆེ་སུ་སྦེ་ར་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: