མི་དབང་རྒྱལ་བཙུན་མཆོག་གིས་ སེམས་ཁམས་འཕྲོད་བསྟེན་གྱི་ པདྨ་མཁས་འཛོམས་ནང་དབུ་བཞུགས།

སྤྱི་ཟླ་ ༡༡ པའི་ཚེས་ ༢༦ ལུ་ སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ པདྨ་མཁས་འཛོམས་ཀྱི་ མཇུག་བསྡུའི་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ནུག།
དེ་བསྒང་ མི་དབང་རྒྱལ་བཙུན་མཆོག་གིས་ འདས་པའི་ཉིན་གྲངས་ ༢ ཀྱི་ནང་ གྲོས་བསྡུར་ཚུ་འབད་བའི་སྐབས་ལུ་ མི་སྡེ་ག་ར་དང་འབྲེལ་བ་ཡོད་མི་ ཕན་བདེ་ལུ་ གལ་གནད་ཆེ་བའི་ གཞི་རྩའི་བདེན་པ་དེ་ སེམས་ཁམས་འཕྲོད་བསྟེན་དེ་ཨིནམ་སྦེ་ གཙོ་བོར་བཟུང་ཡོདཔ་ལས་ ད་རེས་ མི་མང་ག་རའི་དོན་ལུ་ བྱམས་བརྩེ་དང་ རྒྱབ་སྐྱོར་དང་ལྡན་པའི་ མ་འོངས་པ་ ངེས་གཏན་བཟོ་ཐབས་ལུ་ ཤོ་མཚུངས་སྦེ་ ལྷག་མཐོང་ཚུ་ གཞི་སྒྱུར་འབད་གེ་ཟེར་ཨིན་པས།
དེ་ཡང་ དོན་དང་ལྡན་པའི་ ཡར་འཕེལ་གྱི་དོན་ལས་ བྱ་སྟབས་མ་བདེཝ་ཚུ་ སེལ་ཐབས་འབད་ནི་དེ་ མཉམ་བསྡོམས་ཀྱི་ བརྩོན་ཤུགས་ལུ་ རག་ལས་དགོཔ་མ་གཏོགས་ ཁྱད་ལཱ་འབད་མི་ཉག་གཅིག་གི་ འགན་ཁུར་མིནམ་ལས་ བཟའ་ཚང་དང་ ཆ་རོགས་ སློབ་དཔོན་ཚུ་གིས་གཙོས་པའི་ མི་སྡེ་ཡོངས་ཀྱིས་ གཅེས་སྐྱོང་གི་ ཡོངས་འབྲེལ་སྒྲིང་སྒྲིང་སྦེ་ གཞི་བཙུགས་འབད་ནིའི་ནང་ གལ་ཆེ་བའི་ ལཱ་འགན་འབག་དགོ་ཟེར་ གསུངས་གནང་ནུག།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ང་བཅས་རའི་ སྟོབས་ཤུགས་དེ་ གཅིག་སྒྲིལ་དང་ མི་སྡེའི་སེམས་ཤུགས་ལུ་ གཞི་བརྟེན་འབད་དགོ་པའི་སྐོར་ལས་ དུས་དང་དུས་ལུ་ དྲན་སྐུལ་མཛད་གནང་དོ་བཟུམ་སྦེ་ཨིནམ་ད་ དེ་ཡང་ དཔེར་ན་ རྫོང་གཅིག་བཞེངས་དགོ་པ་ཅིན་ གནས་རིམ་མ་འདྲ་བའི་ མི་སེར་རེ་རེ་བཞིན་གྱིས་བསྐྱལ་མི་ རྡོ་ལེ་ཤ་ཅིག་ལས་ བཞེངས་དོ་བཟུམ་སྦེ་ སེམས་ཁམས་འཕྲོད་བསྟེན་གྱི་ སྐྱོང་བཞག་དོན་ལུ་ཡང་ མི་སྡེ་ཡོངས་ཀྱི་ རྒྱབ་སྐྱོར་དང་ སྟོབས་ཤུགས་དགོ་ཟེར་ཨིན་པས།
ང་བཅས་རའི་ རྒྱལ་ཁབ་ནང་ རང་སྲོག་གཅད་མིའི་ ཚད་གཞི་དེ་ ཡར་སེང་ཅན་སྦེ་ འཐོན་དོ་ཡོདཔ་ལས་ བཟའ་ཚང་དང་ མི་སྡེ་ཚུ་ལུ་ བྱེམ་ཚབས་ཆེན་ཕོག་པའི་ དོ་འགྲན་ཅིག་ལུ་ གྱུར་ཏེ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ སེམས་ཁམས་འཕྲོད་བསྟེན་དང་ མི་སྡེའི་ཨེབ་ཤུགས་ ཐོན་ཁུངས་མེད་པའི་དཀའ་ངལ་ དེ་ལས་ དབང་བཙོང་ལ་སོགས་པ་ཚུ་ལུ་བརྟེན་ཏེ་ཨིན་པས་ཟེར་ གསུངས་གནང་ནུག།
དེ་བཟུམ་སྦེ་ ང་བཅས་རའི་ མི་སྡེའི་ནང་ རང་རྐྱང་ལུ་ དཀའ་སྡུག་མྱོང་མི་དེ་ སེམས་ཟུག་རྐྱབ་པའི་ གཞི་ཅིག་ཨིནམ་ལས་ ང་བཅས་ཀྱིས་ བར་བཅད་ཀྱི་ རྩིགཔ་མིན་པར་ མཐུད་འབྲེལ་གྱི་ ཟམ་ཚུ་རྐྱབ་སྟེ་ གྲོགས་རམ་གྱི་ གོ་སྐབས་ཡོད་མི་དེ་ ག་ར་གིས་ ཤེས་ཚུགསཔ་བཟོ་དགོཔ་ད་ དེ་ཡང་ མི་ངོམ་གཅིག་གིས་ རང་སྲོག་བཅད་པ་ཅིན་ ང་བཅས་རའི་ གཅིག་སྒྲིལ་གྱི་ མཐར་འཁྱོལ་ལས་ འཐུས་ཤོར་བའི་ བརྡ་མཚོན་སྟོནམ་སྦེ་ཨིན་པས།
ད་རེས་ ང་བཅས་རའི་ སློབ་དཔོན་དང་ བསླབ་སྟོན་པ་ དེ་ལས་ ཤེས་རིག་འགོ་དཔོན་ ལེ་ཤ་ཅིག་ འཛོམས་ཡོདཔ་ལས་ སློབ་ཕྲུག་ཚུ་གི་ སེམས་ཁམས་འཕྲོད་བསྟེན་ལུ་ རྒྱབ་སྐྱོར་འབད་ནིའི་ནང་ གནད་འགག་ཅན་གྱི་ ལཱ་འགན་འབག་དགོཔ་ཡོད་མི་དེ་ ངོས་ལེན་འབད་དགོ་ཟེར་ གསུངས་གནང་ནུག།
ཁྱེད་ཆ་ཁྱབ་ འབྲུག་གི་མ་འོངས་པའི་ མདུན་ལམ་བརྫངས་ནིའི་ནང་ སྣ་ཁྲིད་འབད་མི་ཨིནམ་ལས་ ང་བཅས་ཀྱིས་ འཕྲལ་འཕྲལ་སྦེ་ར་ སེམས་ཁམས་འཕྲོད་བསྟེན་དེ་ སྲིད་བྱུས་དང་ གསོ་བའི་སྐྱོང་བཞག་དང་ འབྲེལ་བ་ཡོདཔ་སྦེ་ མནོ་བསམ་གཏངམ་ཨིན་རུང་ སློབ་གྲྭ་ཁག་གི་ གནས་རིམ་ནང་ དཀའ་ངལ་ཚུ་སྦོམ་སྦེ་ར་ འབྱུང་དོ་ཡོདཔ་ལས་ ཁྱེད་ཀྱི་རྒྱབ་སྐྱོར་ལུ་བརྟེན་ཏེ་ སྲོག་སྐྱབས་འབད་ཚུགས་ཟེར་ཨིན་པས།
བསླབ་སྟོན་པ་ཚུ་གིས་ དགོས་མཁོ་ཡོད་མི་ སློབ་ཕྲུག་ཚུ་གི་དོན་ལུ་ ཉེན་སྲུང་དང་ལྡན་པའི་ ས་གོའི་ནང་ ཁོང་གི་བསམ་འཆར་ཚུ་ བརྗེ་སོར་འབད་ནི་དེ་ རྒྱབ་སྐྱོར་དང་པ་ཨིནམ་ད་ ཁྱེད་ཀྱིས་ རྒྱབ་སྐྱོར་དགོཔ་ཡོད་མི་ སློབ་ཕྲུག་ཚུ་ ངོས་འཛིན་འབད་ཚུགས་ནི་དང་ དགོས་མཁོ་ཡོད་མི་ ཐོན་ཁུངས་དང་ མཐུད་འབྲེལ་འབད་ཚུགས་པ་ཅིན་ ཁྱད་པར་སྦོམ་སྦེ་ར་ བཟོ་ཚུགས་ཟེར་ གསུངས་གནང་ནུག།
དེ་བཟུམ་སྦེ་ སློབ་གྲྭའི་དབུ་འཛིན་ཚུ་གིས་ཡང་ སློབ་གྲྭ་ཚུ་ནང་ སེམས་ཁམས་འཕྲོད་བསྟེན་ལུ་ གཙོ་རིམ་བཀོད་དེ་ སློབ་ཕྲུག་ཚུ་གི་ མནོ་བསམ་ལུ་ ཁོང་གི་སྐོར་ལས་ གཞན་གྱིས་ཧ་གོ་ཚུགས་པས་མནོ་བའི་ ཉེན་སྲུང་དང་ལྡན་པའི་ གནས་སྟངས་ལུ་ གཞི་སྒྱུར་འགོ་ཁྲིད་འབད་ནི་དེ་ གལ་ཆེ་ཟེར་ཨིན་པས།
སློབ་ཕྲུག་གཅིག་ལུ་ དཀའ་ངལ་འདུག་ཟེར་ འགོ་དང་པ་ ཧ་གོ་མི་དེ་ དུས་སྐབས་མང་ཤོས་ཅིག་གི་ནང་ར་ སློབ་དཔོན་ཚུ་ཨིནམ་ལས་ དེ་བཟུམ་མའི་ གནས་སྟངས་ནང་ ཁྱེད་ཀྱིས་ བྱམས་བརྩེའི་སྒོ་ལས་ སློབ་ཕྲུག་དེ་དང་ འབྲེལ་བ་འཐབ་སྟེ་ སློབ་གྲྭའི་བསླབ་སྟོན་པ་ཡོད་སར་ བསྐྱལ་ནི་དང་ སློབ་ཕྲུག་དེ་ལུ་ སེམས་ཤུགས་ཀྱི་ རྒྱུད་སྐུལ་འབད་དེ་ ཁོང་རྐྱངམ་གཅིག་མིན་པར་ ཆ་རོགས་འབད་མི་ཡོད་ལུགས་ཚུ་ཡང་ བཤད་དགོ་ཟེར་ གསུངས་གནང་ནུག།
རེ་ཚེ་སྐབས་ དེ་བཟུམ་མའི་ སློབ་ཕྲུག་ཚུ་ལུ་ སློབ་དཔོན་གྱི་ བྱམས་བརྩེ་ཅན་གྱི་ ཚིག་གཅིག་གིས་ཡང་ སློབ་ཕྲུག་དེ་གི སེམས་སྡུག་ཚབས་ཆེན་དེ་ སྒྱུར་བཅོས་གཏང་ཚུགས་པའི་ ནུས་པ་ཡོདཔ་ལས་ ཁྱེད་ཀྱི་ཁས་ལེན་དེ་གིས་ གཅེས་སྐྱོང་དང་ལྡན་པའི་ མི་སྡེ་སྒྲིང་སྒྲིང་བཟོ་ནི་ལུ་ ཁེ་ཕན་ཡོད་ཟེར་ཨིན་པས།
དེ་བཟུམ་མའི་ དཀའ་སྡུག་མྱོང་མི་ཚུ་ལུ་ ཁྱེད་ར་རྐྱངམ་གཅིག་ཨིན་ཟེར་ མནོ་བསམ་མ་གཏང་པར་ ཁྱེད་ཀྱི་ཉམས་མྱོང་ཚུ་ གཞན་ལུ་བཤད་དེ་འབད་བ་ཅིན་ དེ་གིས་ གཞན་ལུ་ཡང་ ཕན་ཐོགས་བྱུང་སྟེ་ ད་ལས་ཕར་ ང་བཅས་ག་ར་གིས་ སྔར་བ་དྲགཔ་འབད་ནི་གི་ སེམས་ཤུགས་བསྐྱེད་ཚུགས་ཟེར་ གསུངས་གནང་ནུག།
ང་བཅས་ཀྱིས་ ང་བཅས་རེ་རེ་བཞིན་ལུ་ཡོད་མི་ འགྱུར་བ་འབག་འོང་ཚུགས་པའི་ ནུས་སྟོབས་ངོས་ལེན་འབད་དེ་ མི་ངོམ་རེ་རེ་གིས་ རང་སོའི་ལོ་རྒྱུས་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ འཇིགས་སྣང་མེད་པར་ བཤད་ཚུགསཔ་བཟོ་ནི་དང་ གྲོགས་རམ་འཚོལ་ནི་དེ་ རང་གི་བློ་སྟོབས་ཅིག་སྦེ་ ངོས་འཛིན་འབད་ནི་ དེ་ལས་ དཀའ་སྡུག་ལུ་ གདོང་ལན་དེ་ སྙིང་རྗེ་དེ་ར་ཨིན་པའི་ ངོས་ལེན་འབད་གེ་ཟེར་ཨིན་པས།
ད་རེས་ ང་བཅས་ཀྱིས་ ནོར་འཁྲུལ་ཅན་གྱི་ བསམ་བློ་ཚུ་ལུ་ གདོང་ལན་འབད་དེ་ དགོས་མཁོ་ཡོད་མི་ཚུ་ལུ་ རྒྱབ་སྐྱོར་འབད་ནི་དང་ འགྱུར་བ་ངོ་མ་ འབག་འོང་ཐབས་ལུ་ སེམས་སྐུལ་འབད་ནི་གི་ ཁས་ལེན་ཐོག་ལས་ ང་བཅས་ག་ར་གིས་ གཅིག་སྒྲིལ་གྱི་སྒོ་ལས་ དཀའ་སྡུག་གི་ གཡང་སར་ལྷུང་ནི་ལས་ ཁ་སྒྱུར་འབད་དེ་ རྒྱལ་ཁ་འཐོབ་ནི་ཡོདཔ་ འབད་གེ་ཟེར་ཡང་ གསུངས་གནང་ཡོད་པའི་གནས་ཚུལ།

Please follow and like us: