མི་རྗེ་བློན་ཆེན་གྱིས་ ལྷན་ཁག་དང་ རྫོང་ཁག་ ཁྲོམ་སྡེ་ཁག་གི་ འཆར་གཞི་འགོ་དཔོན་ཚུ་དང་ ཡོངས་འབྲེལ་ཐོག་ལུ་ཞལ་འཛོམས།

སྤྱི་ཟླ་ ༡༡ པའི་ཚེས་ ༢༩ ལུ་ ཕྱི་རོ་ཁམས་ཅིག་ཁར་ མི་རྗེ་བློན་ཆེན་གྱིས་ རྫོང་བདག་དང་ ཁྲོམ་དཔོན་ དེ་ལས་ ལྷན་ཁག་དང་ རྫོང་ཁག་ ཁྲོམ་སྡེ་ཚུ་གི་ འཆར་གཞི་འགོ་དཔོན་ཚུ་དང་གཅིག་ཁར་ ཡོངས་འབྲེལ་ཐོག་ལུ་ ཞལ་འཛོམས་ཐེངས་ ༣ པ་དེ་ ཚོགས་ཡོདཔ་ཨིན་པས།
དེ་བསྒང་ མི་རྗེ་བློན་ཆེན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ རྒྱལ་ཡོངས་ཀྱི་ ཕྱག་འགན་ཚུ་གི་གྲས་ལས་ དམིགས་བསལ་གྱིས་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཀྱི་ ལས་འགུལ་མདུན་བསྐྱོད་ལུ་ ཐུགས་ཞུམ་ནི་མེད་པའི་ བརྩོན་ཤུགས་བསྐྱེད་གནང་མིའི་སྐོར་ལས་ དྲན་གསལ་མཛད་ནུག།
ཞལ་འཛོམས་དེ་ནང་ གྲལ་གཏོགས་འབད་མི་ཚུ་གིས་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ རང་སོའི་འགན་ཁུར་ཚུ་ དད་དམ་གཙང་མའི་སྒོ་ལས་ ཕྱག་ཞུ་ནི་དང་ འགན་འཁྲི་དང་ གྲུབ་འབྲས་ཀྱི་ གནས་ཚད་ཚུ་ མཐོ་དྲགས་ཡོདཔ་ ངེས་གཏན་བཟོ་སྟེ་ རྒྱབ་སྐྱོར་ཕུལ་དགོ་ཟེར་ཨིན་པས།
དེ་མ་ཚད་ མི་རྗེ་བློན་ཆེན་གྱིས་ ཉིན་རེ་བཞིན་གྱི་ གཞུང་སྐྱོང་ནང་ མཉམ་འབྲེལ་དང་ བརྒྱུད་འབྲེལ་ དེ་ལས་ དུས་ཐོག་གི་བར་འཛུལ་ཚུ་ ཡར་དྲག་གཏང་ཐབས་ལུ་ ལྷན་ཁག་དང་ ལས་སྡེ་ག་ར་གིས་ ཉིན་བསྟར་དང་ ལོ་ངོ་བཞི་དཔྱའི་སྙན་ཞུ་ཚུ་ ཕུལ་དགོཔ་ཡང་ གལ་ཆེ་ཟེར་ གསུངས་ཡོད་པའི་གནས་ཚུལ།

Please follow and like us: