
སྤྱི་ཟླ་ ༡༢ པའི་ཚེས་ ༥ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཞུགས་རིམ་ ༡༤ པའི་ནང་ལས་ འབྲུག་གི་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་ ༢༠༢༣-༢༠༢༤ ཅན་མ་དང་ ཤེས་རིག་དང་འབྲེལ་བའི་ ཁྲིམས་ལུགས་གུ་ བསྐྱར་ཞིབ་སྙན་ཞུ་ དེ་ལས་ བརྡ་བརྒྱུད་གནས་སྟངས་ བསྐྱར་ཞིབ་སྙན་ཞུ་ཚུ་ ཆ་འཇོག་གྲུབ་ ནུག།
དེ་ཡང་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ ཁྲི་འཛིན་འོགམ་ བུམ་ཐང་གི་འཐུས་མི་ དཀོན་མཆོག་ཚེ་རིང་གིས་ ནང་འཁོད་ཞལ་འཛོམས་ནང་ ཞུན་དག་འབད་བའི་ སྙན་ཞུ་ཕུལ་ཏེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་ ༢༠༢༣-༢༠༢༤ དེ་ ཆ་འཇོག་གནང་དགོ་པའི་ གྲོས་འབུལ་ཕུལ་བའི་ཤུལ་ལུ་ ཚོགས་རྒྱན་སྐྱུར་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།
དེ་གི་ཤུལ་ལུ་ དམིགས་བསལ་ཤེས་རིག་ཚོགས་ཆུང་གི་ཁྲི་འཛིན་ མོང་སྒར་གྱི་འཐུས་མི་ ཚེ་རིང་དབང་ཆེན་གྱིས་ ནང་འཁོད་ཞལ་འཛོམས་ཀྱི་ དུས་མཐུན་སྙན་ཞུ་ཡོངས་རྫོགས་ཕུལ་ཏེ་ ཤེས་རིག་དང་འབྲེལ་བའི་ ཁྲིམས་ལུགས་གུ་ གྲོས་འབུལ་ཕུལ་མི་དང་བསྟུན་ཏེ་ ཚོགས་རྒྱན་སྐྱུར་ཐོག་ལས་ ཆ་འཇོག་གྲུབ་ནུག།
དེ་བཟུམ་སྦེ་ར་ མི་སྡེ་དང་ ལམ་སྲོལ་ལས་དོན་ཚོགས་ཆུང་གི་ ཁྲི་འཛིན་འོགམ་ མགར་སའི་འཐུས་མི་ ཚེ་རིང་གིས་ གྲོས་འདེབས་དག་པ་ཅིག་ལུ་ ནང་འཁོད་ཞལ་འཛོམས་ནང་ ལེགས་བཅོས་འབད་ཡོད་པའི་ སྙན་ཞུ་ཕུལ་ཏེ་ བརྡ་བརྒྱུད་གནས་སྟངས་ བསྐྱར་ཞིབ་སྙན་ཞུ་དེ་ཡང་ ཆ་འཇོག་གནང་དགོ་པའི་ གྲོས་འབུལ་ཕུལཝ་བཞིན་དུ་ ཚོགས་རྒྱན་སྐྱུར་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།
དེ་སྦེ་ ཆ་འཇོག་གྲུབ་མི་ གྲོས་འདེབས་ཚུ་ འབྲེལ་ཡོད་ལྷན་ཁག་དང་ གཙུག་སྡེ་ཚུ་ལུ་ ཕུལ་ནིའི་དོན་ལས་ དྲུང་ཆེན་ཡིག་ཚང་གིས་ གྲ་སྒྲིག་འབད་དགོ་པའི་ བཀའ་སྐུལ་གནང་ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1436863
Views Today :
Total views : 5000
Who's Online :