
ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ མཉམ་འབྲེལ་ཐོག་ལས་ ཁག་འབགཔ་སློབ་དཔོན་ཚུ་ གཏན་འཇགས་ལས་གཡོགཔ་ལུ་ སྒྱུར་བཅོས་ཀྱི་ ཐབས་ལམ་བཏོན་ཏེ་ རྒྱལ་ཁབ་ནང་ སློབ་དཔོན་གྱིས་མ་ལང་པའི་ དཀའ་ངལ་ཚུ་ བསལ་ཐབས་འབད་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༦ ལུ་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ནང་ ཤེས་རིག་དང་ རིག་རྩལ་གོང་འཕེལ་བློན་པོ་ ཡིད་བཟང་ཌི་ཐཱ་པ་གིས་ སྤྱི་ལོ་ ༢༠༢༥ འཐོནམ་ད་ རྒྱལ་ཡོངས་སློབ་སྟོན་ ལཱ་གཡོག་ཟེར་མི་ སྒྲིག་བཀོད་ཅིག་ གཞི་བཙུགས་འབད་ནི་ཨིན་ཟེར་གསུངས་ཡི།
དེ་འབདཝ་ལས་ ཁག་འབགཔ་སློབ་དཔོན་ཚུ་ གཏན་འཇགས་ལས་གཡོག་པའི་གྲངས་སུ་ འཕོ་འགྱུར་གྱི་དོན་ལས་ གོ་རིམ་ཅན་གྱི་ མདུན་ལམ་དང་གཅིག་ཁར་ རྒྱལ་ཡོངས་ལྕོགས་གྲུབ་ཀྱི་ ཚད་གཞི་ཚུ་ཡང་ ངེས་གཏན་བཟོ་སྟེ་ ཁག་འབགཔ་སློབ་དཔོན་ཚུ་གིས་ རྒྱུན་མཐུད་ཅན་གྱི་ ཁྱད་རིག་གོང་འཕེལ་གྱི་ སྦྱོང་བརྡར་འབད་དགོ་ཟེར་ཨིན་པས།
ད་རེས་ གྲོས་འཆར་ཅིག་ཨིན་མི་ རྒྱལ་ཡོངས་སློབ་སྟོན་ ལཱ་གཡོག་གི་འོག་ལུ་ ཁག་འབགཔ་སློབ་དཔོན་ཚུ་གིས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་དགོ་པའི་ཁར་ འོས་འབབ་བརྟག་དཔྱད་ཀྱི་ ཆོས་རྒྱུགས་ཅིག་ཡང་ཕུལ་ཏེ་ རྒྱལ་ཁབ་ནང་ སྤུས་ཚད་ཅན་གྱི ཤེས་ཡོན་སྤེལ་ནི་དེ་ ངེས་གཏན་བཟོ་ནི་ཨིན་པས།
སྤྱི་ལོ་ ༢༠༢༥ ལུ་ འགོ་བཙུགས་ནི་ཨིན་མི་ རྒྱལ་ཡོངས་སློབ་སྟོན་ ལཱ་གཡོག་དེ་གིས་ རྒྱལ་འཛིན་གཙུག་ལག་སློབ་སྡེ་དང་ མཉམ་འབྲེལ་ཐོག་ལས་ སློབ་དཔོན་གྱི་ སྦྱོང་བརྡར་ཚུ་ རྒྱལ་ཡོངས་ཀྱི་ དགོས་མཁོ་དང་ མཐུན་སྒྲིག་འབད་དེ་ བྱིན་ནི་ཨིན་པའི་གུ་ ཚེ་གཡོག་གི་ གནས་རིམ་ཡར་སེང་གི་ གོ་སྐབས་ཚུ་ཡང་ སྤྲོད་ཞིནམ་ལས་ ཁྱད་རིག་གོང་འཕེལ་ ལེགས་སྒྱུར་ཐོག་ལས་ སློབ་ཕྲུག་ག་ར་ལུ་ སྤུས་ཚད་ཅན་གྱི་ ཤེས་ཡོན་འཐོབ་ཐབས་ ངེས་གཏན་བཟོ་ནི་ཨིན་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1436861
Views Today :
Total views : 5000
Who's Online :