
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ལུ་ དྲན་ཤེས་ཁྲོམ་ཚོགས་ གྲ་སྒྲིག་གི་ ཕྱག་ལཱ་ཚུ་ མཛད་གནང་པའི་ གནས་སྐབས་ནང་ མིང་ཟེཌ་མེ་དེ་ གཞི་བཙུགས་འཐུས་མི་སྦེ་ གསལ་བསྒྲགས་གནང་ཡོདཔ་ད་ དེ་ཡང་ མིང་ཟེཌ་མེའི་ བཟའ་ཚང་བློ་གཏད་ ཧམ་བཱལ་ཧཱོལ་ཌིང་གིས་ ལས་འགུལ་གོང་འཕེལ་གྱི་ དགོས་མཁོ་ཚུ་ནང་ འགོ་དང་པ་ མ་རྩ་གཞི་བཙུགས་འབད་ནི་ཨིན་པས།
མིང་ཟེཌ་མེ་དེ་ ཇི་ཨེལ་པི་ཟེར་མི་ རྒྱལ་སྤྱིའི་གནས་རིམ་ནང་ གྲ་སྒྲིག་དང་ གཞིས་ཁྱིམ་ གནད་སྡུད་ལྟེ་བ་ སླར་བྱུང་ནུས་ཤུགས་ཀྱི་ གཞི་རྟེན་མཁོ་ཆས་ དེ་ལས་ འབྲེལ་ཡོད་འཕྲུལ་རིག་ཚུ་གི་ འགོ་ཁྲིད་འབད་མི་ལས་སྡེའི་ མཉམ་འབྲེལ་གཞི་བཙུགས་འཐུས་མི་དང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཨིན་པས།
ཁོ་གི་འགོ་ཁྲིད་འོག་ལུ་ ཇི་ཨེལ་པི་ལས་སྡེ་གིས་ གསར་བཏོད་དང་ ཁེ་ལཱའི་ཐབས་བྱུས་ཚུ་གི་སྒོ་ལས་ དེང་དུས་ཀྱི་ གྲ་སྒྲིག་ལས་དོན་ཚུ་ གཞི་སྒྱུར་འབད་ཡོདཔ་ད་ ལས་དོན་དེ་ཚུ་ ལས་སྡེ་མ་འདྲཝ་ཚུ་དང་ ཚོང་ལམ་གསརཔ་ཚུ་ནང་ རྒྱ་སྐྱེད་བཏང་སྟེ་ཡོདཔ་ཨིན་པས།
ལས་སྡེ་དེ་གིས་ འཛམ་གླིང་ནང་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༡༢༠ དེ་ཅིག་གི་ བདོག་གཏད་བདག་དབང་འབད་དེ་ཡོདཔ་ད་ དེ་ཡང་ ཨེ་ཤི་ཡ་དང་ ཡུ་རོབ་ ཨ་མེ་རི་ཀ་ཚུ་ནང་ ཡར་འཕར་མཐོ་དྲགས་དང་ ཡུན་བརྟན་ཅན་གྱི་ དཔལ་འབྱོར་གསརཔ་གི་ ལས་སྡེ་ཚུ་ལུ་ གཙོ་རིམ་བཟུངམ་ཨིན་པས།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ གཞི་བཙུགས་འཐུས་མིའི་ ལས་རིམ་དེ་ ཐུན་མོང་མ་ཡིན་པའི་ ལས་རིམ་ཅིག་ཨིནམ་ད་ ལས་རིམ་དེ་ནང་ གསར་བཏོད་ལུ་ ངོས་ལེན་ཡོད་མི་དང་ དྲན་ཤེས་ཁྲོམ་ཚོགས་ཀྱི་ མཐར་འཁྱོལ་ལུ་ གལ་གནད་ཆེ་བའི་ མཁས་མཆོག་ཅན་གྱི་ ཉམས་མྱོང་ཡོད་མི་ཚུ་ བཙུགས་གནང་དོ་ཡོདཔ་ཨིན་པས།
གཞི་བཙུགས་འཐུས་མི་ཚུ་གིས་ ཕུགས་གཟིགས་ཅན་གྱི་ ཁྲོམ་ཚོགས་གོང་འཕེལ་ནང་ མ་རྩ་གཞི་བཙུགས་རྐྱངམ་གཅིག་གིས་མ་དོ་བར་ གྲོས་སྟོན་དང་ ཁྱད་ཆོས་དང་ལྡན་པའི་ ཤེས་ཡོན་གྱི་ ཞབས་ཏོག་ཚུ་ཡང་ བྱིན་ནི་ཨིན་པས།
མིང་ཟེཌ་མེ་དེ་ འགོ་ཐོག་གཞི་བཙུགས་འཐུས་མི་སྦེ་ བསྐོ་བཞག་གནང་ནི་དེ་གིས་ འབྲུག་གི་གོང་འཕེལ་ནང་ འགྱུར་བ་མེད་པའི་ ཁས་ལེན་དང་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཐབས་བྱུས་སྒྲིག་བཀོད་གཞི་བཙུགས་ནང་ ཕན་འདེབས་སྦོམ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།
དེ་སྦེ་ བསྐོ་བཞག་གི་སྐོར་ལས་ མིང་ཟེཌ་མེ་གིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ འབྲུག་གི་མ་འོངས་པ་དང་ མི་སེར་གྱི་དོན་ལུ་ དགོངས་བཞེད་ཚུ་ ངལ་རངས་ཏོག་ཏོ་ཡོད་པའི་ཁར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ དུས་རབས་ ༢༡ པའི་ནང་ འབྲུག་གི་དཔལ་འབྱོར་ གཞི་སྒྱུར་དང་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་ཚུ་ལུ་དམིགས་ཏེ་ དེང་དུས་དང་བསྟུན་པའི་ འཕྲུལ་རིག་ལུ་ གཞི་བརྟེན་ཐོག་ལས་ ལས་སྡེ་ཚུ་ འབྲེལ་མཐུན་ཡོད་པའི་ དཔེ་གསརཔ་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ འཆར་གཞིའི་ནང་ གཙོ་རིམ་ལས་སྡེ་ ༧ ཡོད་མི་ཚུ་ཡང་ སོ་ནམ་འཕྲུལ་རིག་དང་ ནགས་ཚལ་ གནམ་ཐང་ དཔལ་འབྱོར་ ཤེས་རིག་དང་ ཤེས་ཡོན་ དངུལ་རྩིས་དང་ རྒྱུ་ནོར་འཛིན་སྐྱོང་ སླར་བྱུང་ནུས་ཤུགས་དང་ སྤུས་ལེགས་འཕྲུལ་རིག་ འཕྲོད་བསྟེན་དང་ བདེ་ཁམས་ སེམས་ཁམས་ཚུ་ཚུདཔ་ཨིན་པས།
མིང་ཟེཌ་མེ་གིས་ ད་རེས་ ཁོ་ གཞི་བཙུགས་འཐུས་མི་སྦེ་ བསྐོ་བཞག་གནང་ནི་དེ་གིས་ སྐལ་བ་བཟང་ཡི་ཟེར་ཨིནམ་ད་ མི་དབང་མཆོག་གི་ མཁྱེན་རྒྱ་ཡངས་པའི་ ལས་འགུལ་འགྲུབ་ནི་ལུ་ ཕན་ཐབས་འབད་ནི་ཨིནམ་སྦེ་ཡང་ བཤདཔ་ཨིན་པས།
དེ་མ་ཚད་ མི་དབང་མཆོག་གི་ འཆར་གཞི་དེ་ འབྲུག་མི་ཚུ་ལུ་ མི་སྡེ་དཔལ་འབྱོར་གྱི་ གོ་སྐབས་གསར་བཏོད་དང་ རྒྱལ་ཁབ་ཀྱི་ མཛེས་ཆ་དང་ ལམ་སྲོལ་ཚུ་ ཉེན་སྲུང་འབད་ཐབས་ཀྱི་ ཐུགས་ཀྱི་རེ་འདུན་ཨིནམ་ལས་ མ་རྩ་གཞི་བཙུགས་བརྒྱུད་དེ་ ཁེ་ཕན་ཁྱབ་སྤེལ་གྱི་ལྟ་བ་དང་ དམ་ཟབ་ཨིནམ་སྦེ་ཡང་བཤད་ནུག།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ གཞི་བཙུགས་འཐུས་མི་ ཁ་སྐོང་ཚུ་ ཤུལ་མའི་ཟླཝ་ཚུ་ནང་ གསལ་བསྒྲགས་གནང་ནི་ཨིནམ་ད་ གདམ་ཁ་ཅན་གྱི་ འཐུས་མི་ཚུ་གིས་ དུས་དང་དུས་ལུ་ གཅིག་ཁར་འཛོམས་ཏེ་ ཁྲོམ་ཚོགས་དེ་གི་ དོ་འགྲན་ཚུ་ སེལ་ཐོག་ལས་ མདུན་བསྐྱོད་དང་ ཡུན་བརྟན་དང་ གསར་བཏོད་གོང་འཕེལ་ཚུ་ལུ་ ལམ་སྟོན་འབད་དེ་ ཁྲོམ་ཚོགས་དེ་ འབྲུག་དང་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ཀྱི་དོན་ལས་ མ་འོངས་པ་ ལེགས་སྒྱུར་འབད་ཐབས་ཀྱི་ དཔེ་གཞི་ཅིག་ལུ་ འགྱུར་ནི་ཨིན་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1398119
Views Today :
Total views : 5000
Who's Online :