
སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༧ པ་ བརྩི་སྲུང་གི་དོན་ལས་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་མེས་སྲས་ ༣ གྱིས་ དབུ་གཙོས་པའི་ མི་དབང་རྒྱལ་བཙུན་དང་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ མི་དབང་རྒྱལ་ཡུམ་ལྷན་རྒྱས་ མི་དབང་སྐུ་འཁོར་ཚུ་ བྱོན་གནང་པའི་གུ་ མི་རྗེ་བློན་ཆེན་དང་ བློན་པོ་ཚུ་ དེ་ལས་ གཞུང་གི་འགོ་དཔོན་ཚུ་དང་ རྒྱལ་སྤྱིའི་དོན་གཅོད་སྐུ་ཚབ་ཚུ་གིས་ཡང་ གྲལ་གཏོགས་འབད་ཡི།
དེ་མ་ཚད་ སྤྱི་ཟླ་ ༡༢ པའི་ཚེས་ ༡༦ ལུ་ ནུབ་མོའི་ཆུ་ཚོད་ ༡༡ དེ་ཅིག་ལས་ར་ མི་སེར་ཁྲི་ཕྲག་སྦེ་ རྒྱལ་ཡོངས་དུས་ཆེན་གྱི་ དགའ་སྟོན་རྟེན་འབྲེལ་ བརྩི་སྲུང་ཞུ་ནིའི་དོན་ལས་ ཅང་གླིང་མའི་ཐང་ནང་ སྤུངས་འཛོམས་འབད་ནུག།
དེ་བསྒང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་དུས་ཆེན་འདི་ འབྲུག་གི་དུས་ཆེན་ཚུ་གི་གྲས་ལས་ རྩ་ཆེ་ཤོ་ཅིག་སྦེ་ རྩི་དགོ་མི་འདི་ཡང་ ད་རེས་ཀྱི་ ཉིནམ་འདི་ཁར་ རྒྱལ་བ་གོངམ་དང་ དྲིན་ཅན་གྱི་ཕམ་ རྒྱལཔོ་རིམ་བྱོན་ཚུ་ལུ་ བཀའ་དྲིན་བསམ་ནི་དང་ རང་གི་འགན་ཁུ་ཚུ་ཡང་ སེམས་ཁར་དྲན་ཏེ་ ད་ལས་ཕར་ རྒྱལ་ཁབ་ཀྱི་ ཕྱག་ལཱ་མཛད་རིགས་མཛད་ཚད་ཅིག་ནང་ ང་བཅས་རའི་ མི་སེར་ཚུ་གིས་ དྲནམ་སྟོན་ཐོག་ལས་ འགན་ཁུར་ཚུ་ རྩ་འགེངས་འབག་སྟེ་ ཕྱག་ཞུ་ནི་གི་ ཁས་བླངས་དམ་བཅའ་ཕུལ་བའི་ ཉིནམ་ཅིག་ཡང་ཨིན་ཟེར་ གསུངས་གནང་ཡི།
དུས་ཅི་གི་ ལོ་འདི་ཡང་ རྒྱལ་ཁབ་ཀྱི་ ཕྱག་ལཱ་མཛད་རིགས་མཛད་ཚད་ཅིག་ལུ་ ཉེས་སྐྱོན་དང་ ཐོགས་ཆག་ག་ནི་ཡང་མེད་པར་ ལེགས་ཤོམ་སྦེ་ར་ མཛད་ཚུགས་ཏེ་ཡོད་ཟེར་ཨིན་པས།
རྒྱལ་ཡོངས་ཀྱི་ བཙག་འཐུ་འགོ་འདྲེན་འཐབ་ད་ རྒྱལ་ཁབ་ལ་ལུ་ཅིག་ནང་ སྲིད་ཀྱི་ལཱ་འབད་བའི་བསྒང་ལས་ སྒྲིག་མ་ཚུགས་པར་ འབད་བཞག་བཅའ་བཞག་ཚུ་ རྔམ་སི་སི་སྦེ་སྟོན་ཏེ་ འཐབ་དགོཔ་རེ་ཡང་ ཐོན་ཏེ་འབད་རུང་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ དེ་བཟུམ་མའི་ བྱ་སྟབས་མ་དེ་ཝ་ཚུ་ ནམ་ཡང་མ་ཐོན་མི་འདི་ ང་བཅས་རའི་ མི་སེར་གྱིས་ར་ འགན་ཁུར་ཚུ་ རྩ་འགེངས་འབག་སྟེ་ ཕྱག་ཞུ་ནི་དེ་གིས་ཨིནམ་ལས་ ད་རེས་ བློན་ཆེན་དང་ བློན་པོ་ཚུ་ དེ་ལས་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ལུ་ཡང་ བཀྲིས་བདེ་ལེགས་ཡོད་ཟེར་ གསུངས་གནང་ཡི།
ཨཱཛ་ཊེ་ལི་ཡ་ལུ་ཆིབས་བསྐྱོད།
དེ་ཚེ་ཁམས་ཅིག་ཁར་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་ མི་དབང་སྲས་སྲོས་ཚུ་ ཨཱཛ་ཊེ་ལི་ཡའི་ས་གནས་ སིད་ནི་དང་ ཀེན་བ་ར་ པཱརཐ་ཚུ་ནང་ ཆིབས་བསྐྱོད་གནང་སྟེ་ འབྲུག་མི་མང་རབས་ཅིག་ དཔེ་ཆ་ལྷབ་སྟེ་ སྡོད་མི་ཚུ་དང་ མཇལ་ཕྲད་མཛད་པའི་སྐབས་ལུ་ ཐུགས་ལུ་དགྱེས་སྐྱོ་ ༢ བྱུང་ཡོདཔ་ད་ དེ་ཡང་ འབྲུག་མི་ལེ་ཤ་ཅིག་ རྒྱལ་ཁབ་དེ་ནང་ སྡོད་དེ་འབད་རུང་ དཔལ་ལྡན་འབྲུག་པའི་ ལམ་སྲོལ་དང་ བྱ་བ་སྤྱོད་ལམ་ འབྲུག་གི་ངོ་བརྟགས་ཚུ་ མ་བཏུབ་བཏུབ་སྦེ་ བདག་འཛིན་འཐབ་སར་ གཟིགས་ནི་དེ་གིས་དང་ དེ་གི་ནང་ལས་ཡང་ རང་གི་རྒྱལ་ཁབ་དང་ ཕམ་སྤུན་ཆ་ ཨ་ལོ་ཚུ་ལུ་ ཕན་ཐོགས་ནིའི་དོན་ལས་ དུམ་གྲ་ཅིག་ དཀའཝ་སྤྱད་རུང་ ལཱ་རྩ་འགེངས་འབད་མི་དེ་ལུ་ ཐུགས་དགྱེས་ཚོར་ བྱུང་ཡི་ཟེར་ཨིན་པས།
ཐུགས་སྐྱོ་དགོ་མི་འདི་ འབྲུག་མི་མང་རབས་ཅིག་གི་ མིག་ཏོ་ནང་ལས་ མིག་ཆུ་འཛགས་ཏེ་ སྔུ་མི་འདི་ རོགས་ཀྱི་རྒྱལ་ཁབ་ནང་ དགའ་སྐྱོ་མེད་པར་ ལཱ་འབད་དགོཔ་ ཐོན་མི་དང་ རང་གི་ཨ་ལོ་ཚུ་དང་ ཕམ་རྒན་རྒས་ཚུ་ རྒྱལ་ཁབ་ནང་ ལུས་སོང་ནི་དེ་གིས་ཨིན་རུང་ ནམ་ཅིག་གི་ཚེ་ འབྲུག་རྒྱལ་ཁབ་ནང་ ལོག་འོང་པའི་ རེ་བ་དང་ སྨོན་ལམ་དང་གཅིག་ཁར་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ཡང་ ཕྱག་ལཱ་ཚུ་ ག་དེ་མགྱོགས་མགྱོགས་དང་ ག་དེ་མང་མང་ ག་དེ་དྲག་དྲག་ རྩ་འགེངས་ཏེ་ མཛད་ནི་ཨིན་ཟེར་ གསུངས་གནང་ཡི།
རྒྱ་གར་ལུ་ཆིབས་བསྐྱོད།
དུས་ཅི་ མི་དབང་མཆོག་ རྒྱ་གར་ལུ་ ཚར་ལེ་ཤ་ཅིག་ར་ ཕྱག་ལཱའི་དོན་ལས་ ཆིབས་བསྐྱོད་གནང་སྟེ་ རྒྱ་གར་གྱི་ བློན་ཆེན་མོ་དི་དང་ རྒྱ་གར་གཞུང་གི་ དཔོན་ཁག་ཚུ་དང་ མཇལ་ཕྲད་མཛད་པའི་སྐབས་ལུ་ རྒྱ་གར་གྱི་ཧོངས་ལས་ འབྲུག་རྒྱལ་ཁབ་དང་ འབྲུག་པའི་མི་སེར་ལུ་ རྒྱབ་སྐྱོར་སྦོམ་ཡོད་པའི་ནང་ལས་ཡང་ དྲན་ཤེས་ཁྲོམ་ཚོགས་ལས་འགུལ་ལུ་ རྒྱ་གར་གཞུང་ལས་ གྲོགས་རམ་དང་ རྒྱབ་སྐྱོར་འབད་ནི་གི་ ཁས་བླངས་ཡང་འབད་ཡོདཔ་ལས་ རྒྱ་གར་གྱི་ བློན་ཆེན་དང་ རྒྱ་གར་གཞུང་ལུ་ རྗེས་སུ་ཡི་རངས་དང་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
བདེ་སྲུང་དང་ རྒྱལ་སྲུང་ལས་རིམ།
རྒྱལ་ཁབ་ནང་ བསམ་གྱིས་མི་ཁྱབ་པའི་ ངལ་རངས་སྦོམ་ཤོས་འདི་ བདེ་སྲུངཔ་དང་ རྒྱལ་སྲུངཔ་ཨིན་ཟེར་ གསུངས་གནང་པའི་ཁར་ སྤྱིར་བཏང་ལུ་ བདེ་སྲུངཔ་ཟེར་སླབ་རུང་ འབྲུག་པའི་ན་གཞོན་ཚུ་ཨིན་མི་དེ་ གྱངས་ཁ་ལས་བཅད་རུང་ སྟོང་ཕྲག་ལྔ་བཅུ་ལྷགཔ་ཅིག་གིས་ བདེཝ་མ་སྡོད་པར་ བདེ་སྲུང་རིག་རྩལ་ལས་རིམ་ནང་ སྦྱང་བ་འབདཝ་མ་ཚད་ རྫོང་ཁག་ ༢༠ དང་ རྒེད་འོག་ ༢༠༥ གི་ནང་ དུས་ནམ་ར་འབད་རུང་ ཁག་ཆེ་བའི་སྐབས་ལུ་ འགན་ཁུར་འབག་སྟེ་ ཕྱག་ཕྱིད་ཞུ་དོ་ཟེར་ གསུངས་གནང་ཡི།
དེ་ལས་ རྒྱལ་ཁབ་ནང་ ཁྱད་དུ་འཕགས་པའི་ གཞི་འགྱམ་རྩ་ཆེ་ཤོག་ཅིག་ རྒྱལ་སྲུང་ཟེར་མི་ རྒྱལ་ཡོངས་ཞབས་ཏོག་ཡང་ དུས་ཅི་ལས་ འགོ་བཙུགས་ཡོདཔ་ད་ རྒྱལ་སྲུང་འདི་ འགོ་བཙུགསཔ་ད་ལུ་ ཨིན་ཊར་ནེཊ་དང་ རྒྱང་མཐོང་ཊི་ཝི་ཚུ་ནང་ མཐོང་དོ་བཟུམ་སྦེ་ ན་གཞོན་ཚུ་གིས་ སྤྲོ་བ་བསྐྱེད་དེ་ རྩ་འགེངས་པའི་སྐོར་ལས་དང་ སྦྱོང་བརྡར་ཚུ་ མཐར་འཁྱོལ་བའི་ཤུལ་ལུ་ དམག་གོ་གྱོན་ཏེ་ ཁྱིམ་ནང་ལོགཔ་ད་ ཕམ་སྤུན་ཆ་ཚུ་ག་ར་ འཛོམས་ཞིནམ་ལས་ མཛར་ཅུམ་ཟ་སྟེ་ དགའ་ཚོར་གྱི་ཐོག་ལས་ ལྟག་ལྐོག་ཁར་ ཁ་དར་བཏགས་ཏེ་ རྟེན་འབྲེལ་བརྩི་སྲུང་འབད་བའི་གུ་ རྒྱལ་སྲུངཔ་ཚུ་ཡང་ ཧེ་མ་དང་ཕྱདཔ་ད་ བྱ་ཆི་ཆི་དང་ སྒྲིང་སྒྲིང་སྦེ་ རང་གི་ཨཔ་དང་ ཨའི་མཇལཝ་ད་ སྟི་སྭོ་ཟེར་ ས་ལམ་ཕུལ་ཡོདཔ་ད་ ད་ལྟོ་ ལཱ་འགོ་བཙུགས་ལོང་མེད་པར་ རྟགས་མཚན་སྦོམ་སྦེ་ར་ ཐོན་མི་འདི་ དྲག་ཁག་ ༣ གྱི་ འགོ་དཔོན་དང དམག་མི་ཚུ་གིས་ ངལ་མ་འཚོ་བར་ འགན་ཁུར་འབག་སྟེ་ ཕྱག་ཞུ་མི་ལུ་ བཀའ་དྲིན་དགའ་ཚོར་དང་ ངལ་རངས་ཡོད་ཟེར་ཨིན་པས།
དྲན་ཤེས་ཁྲོམ་ཚོགས།
རྒྱལ་ཁབ་ནང་ ཕྱག་ལཱ་དེ་ ལོ་གཅིག་བ་ལོ་གཅིག་ མང་སུ་མང་སུ་དང་ འགན་ཁུར་དེ་ཡང་ ལོ་གཅིག་བ་ལོ་གཅིག་ ཐེབས་སྦེ་ར་ འགྱོ་དོ་ཡོདཔ་ལས་ ང་བཅས་ མི་སེར་ཚུ་ ཧེ་མ་དང་ཕྱདཔ་ད་ ད་རེས་ སྒྲིང་སྒྲིང་ཡོད་པའི་གུ་ ན་གཞོན་ཚུ་ར་འབད་རུང་ སྒྲིང་སྒྲིང་ཡོདཔ་ལས་ ང་བཅས་རའི་ ཨ་ལོ་ཚུ་ལུ་ འབད་ཚུགས་བཅའ་ཚུགས་པའི་ ལྕོགས་གྲུབ་དང་ འགན་ཁུར་འབག་ཚུགས་པའི་ངར་ འབད་ཤེས་པའི་རིག་པ་ འཇིགས་སྣང་མེད་པའི་སྙིང་སྟོབས་ རྒྱལ་བློན་འབངས་གསུམ་གྱི་ དམ་ཚིག་དེ་ གཙང་ཏོག་ཏོ་ཡོདཔ་མ་ཚད་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ཀྱི་ སྟོབས་ཤུགས་ངོ་མ་དེ་ར་ རྒྱལཔོ་དང་ མི་སེར་ཚུ་ ཁྱིམ་གཅིག་ནང་གི་ བཟའ་ཚང་བཟུམ་སྦེ་ གཅིག་མཐུན་ཐོག་ལུ་ དམ་ཚིག་དཔང་བཙུགས་སྦེ་ ཕྱག་ལཱ་གནང་ནི་འདི་ གལ་ཆེ་ཟེར་ གསུངས་གནང་ཡི།
ན་ཧིང་ རྒྱལ་ཡོངས་དུས་ཆེན་སྐབས་ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་སྐོར་ལས་ གསུངས་གནང་པའི་ ནམ་དུས་ལུ་ རྒྱལཔོ་ང་ར་རྐྱངམ་གཅིག་གིས་ འབད་མི་ཚུགས་ནི་དང་ ཁྱེད་མི་སེར་ཚུ་དང་ ཕྱག་མཐུད་དེ་འབད་བ་ཅིན་ དོན་འགྲུབ་ཚུགས་ནི་ཨིནམ་ལས་ མི་སེར་ལུ་ ཁྱེད་ཀྱིས་ཕྱག་ཞུ་འོང་ག་ཟེར་གསུངསམ་ད་ མི་སེར་ཆེ་འབྲིང་ཆུང་ ༣ ག་ར་གིས་ ཕྱག་ཞུ་འོང་ལགས་ཟེར་ ལན་ཞུ་ཡོདཔ་ལས་ མི་དབང་མཆོག་ ཐུགས་བདེ་བའི་ཁར་ ཅང་གླིང་མི་ཐང་ནང་ ཕྱི་ཁའི་མགྱོནམོ་ འོང་མི་ཚུ་ཡང་ མི་སེར་གྱི་ འགན་ཁུར་འབག་ཐངས་ལུ་བལྟ་སྟེ་ ཡིད་ཆེས་བྱུང་ཡོདཔ་ལས་ ད་ལྟོའི་བར་ན་ཡང་ བག་ཆགས་དེ་ མ་བསངས་པ་ར་ཡོད་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་ནང་ རང་སྐྱོང་ལུང་ཕྱོགས་ཟེར་ གདམ་ཁ་རྐྱབ་སྟེ་ རྒྱལ་ཁབ་གཅིག་ནང་ ལམ་ལུགས་ ༢ བཟོ་མི་འདི་གིས་ ད་ལྟོ་བར་སྐབས་ཅིག་ ཁེ་ཕན་རྒྱ་ཆེཝ་སྦེ་ར་ འབྱུང་ནི་ཨིནམ་ལས་ དེ་བཟུམ་མའི་ དམིགས་བསལ་གྱི་ རང་སྐྱོང་ལུང་ཕྱོགས་དེ་ འཛམ་གླིང་ནང་ དུས་ནམ་ཡང་ མ་ཐོན་ནི་དེ་གིས་ ད་རེས་ འགོ་དང་པ་ཨིན་པའི་ གནས་སྐབས་འདི་ གནམ་མེད་ས་མེད་ ལེགས་ཤོམ་ཅིག་ཨིན་མི་འདི་ལུ་ ཕྱིའི་མཁས་མཆོག་ཚུ་གིས་ཡང་ ཡིད་ཆེས་སྦོམ་ཡོདཔ་ལས་ ད་ལས་ཕར་ འཐུས་ཤོར་སོང་པ་ཅིན་ གནས་སྐབས་ལུ་བརྟེན་མིན་པར་ ང་བཅས་ཀྱིས་ ལག་ལེན་ལེགས་ཤོམ་སྦེ་ མ་འཐབ་པར་ བཀལ་སར་བཀལ་འོང་ ཉེན་ཁ་མི་ཐེག་ཟེར་བ་ཅིན་ རྒྱལཔོ་ང་ར་གིས་ འགན་ཁུར་ཧྲིལ་བུར་བཞེས་ཏེ་ གདོང་ཁར་མི་སྒྲིང་སྒྲིང་ བཙུགས་ཞིནམ་ལས་ བརྩོན་ཤུགས་བསྐྱེད་དེ་ སྦུང་དང་ཤུགས་ ག་དེ་དྲག་དྲག་དང་ ག་དེ་མང་མང་གི་ཐོག་ལུ་ ལས་འགུལ་དེ་ དོན་དག་འགྲུབ་སྦེ་ར་འབད་ནི་ཨིན་ཟེར་ གསུངས་གནང་ཡི།
བྱིན་གྱིས་རླབས་པའི་ སྦས་ཡུལ་འདི་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ཨིནམ་ལས་ ཞབས་དྲུང་ངག་དབང་རྣམ་རྒྱལ་དང་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་ བསྟན་པ་འདི་ ལོ་སྟོང་ཕྲག་ལེ་ཤ་ཅིག་གི་རིང་ལུ་ རྐྱེན་ངན་བར་ཆད་མེད་པར་ ང་བཅས་ཀྱིས་ བདག་འཛིན་མ་བཏུབ་བཏུབ་སྦེ་ འཐབ་དགོ་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ རང་དབང་རང་བཙན་དང་ སྲུང་སྐྱོབ་འདི་ སྒྲིང་སྒྲིང་སྦེ་ གོང་ལས་གོང་དུ་འཕེལ་ཏེ་ བཞག་ནི་དང་ ང་བཅས་ མི་སེར་ཚུ་ ཡར་རྒྱས་བཏགས་ཏེ་ མཐའན་མཇུག་ལུ་ རང་གི་ཨ་ལུ་བུཚ་ ན་གཞོན་ཚུ་གི་ ལམ་བདེ་བརྫངས་ཞིནམ་ལས་ ས་གོ་དགའ་ཏོག་ཏོ་ཅིག་ནང་ བསྐྱལ་དགོ་ཟེར་ཨིན་པས།
མི་དབང་མཆོག་ ཁྲོམ་ཁ་ལུ་ ཚོང་ཁང་ཚུ་ནང་ བཤལ་བྱོནམ་ད་ ན་གཞོན་ཚུ་ལུ་ ཟླ་རིམ་དངུལ་ཕོགས་ ག་དེམ་ཅིག་ཐོབ་དོ་ཟེར་ དྲི་བ་གསུངས་པའི་ལན་ལུ་ ད་ལྟོའི་བར་ན་ཡང་ སྟོང་ཕྲག་ ༨ ལྷགཔ་ཅིག་ཐོབ་ཟེར་ ཞུ་མི་ལུ་ ཐུགས་རྣམ་རྟོག་ལངམ་མ་ཚད་ ཐུགས་ཚ་གྱང་ཡང་ བཞེས་ཏེ་འབད་རུང་ བདེ་སྲུངཔ་དང་ རྒྱལ་སྲུངཔ་ སློབ་གྲྭ་ཁག་གི་ ན་གཞོན་ཚུ་ལུ་ ག་དེ་སྦེ་འབད་བ་ རྩ་འདི་ནི་འགེངས་དོ་ གོང་འཕེལ་བཏང་པའི་བསྒང་གི་ རྒྱལ་ཁབ་ཨིན་ ལཱ་མ་འབདཝ་འདི་ནི་མེན་ ཁྱེད་ན་གཞོན་ཚུ་ དུམ་གྲ་ཅིག་མ་ཚབ་ རྡོགཔ་འདྲེགས་དགོ་ རྩ་འགེངས་དགོཔ་སྦེ་ གསུངས་མི་ཚུགས་ཟེར་ཨིནམ་ད་ རྒྱུ་མཚན་འདི་ཚུ་ལུ་བརྟེན་ཏེ་ ཕྱག་ལཱ་མཛད་རིགས་མཛད་ཚད་ ན་གཞོན་ཚུ་ ཐུགས་ཁར་བསྣམས་ཐོག་ལས་ མཛདཔ་ཨིན་ཟེར་ གསུངས་གནང་ཡི།
ན་གཞོན་ཚུ་ལུ་ ལཱ་དགོཔ་ཡོད་རུང་ ལཱ་ཡོད་ཟེར་ སླབ་ཙམ་གྱིས་ཡང་ མི་བཏུབ་པས་ ཁ་གིས་ ལཱ་ཡོད་ཟེར་ སླབ་མ་གཏོགས་ ཟད་འགྲོ་ཡང་མ་ལང་ ཁང་གླ་བཏབ་མ་ཚུགས་པར་ སྤྱང་ཀ་སྦེ་ ལུས་སོང་པ་ཅིན་ དོན་དག་མིན་འདུག། ད་རུང་ དུས་དང་བསྟུནམ་ད་ བཅོས་མའི་རིག་རྩལ་ ཀཱོན་ཊམ་ སུ་པར་ཀམ་པུས་ཊར་ རོ་བར་ཊེགཛ་ཟེར་མི་ཚུ་གི་ དུམ་ཁ་དཔག་པའི་བསྒང་ལས་ ལཱ་གི་ལེགས་གོ་དེ་ བལྟ་དགོ་པའི་ཁར་ ལཱ་ལུ་བརྟེན་ཏེ་ ཡུན་བརྟན་འགྲུབ་ཚུགས་དགོཔ་ད་ མཐའན་མཇུག་ལུ་ མི་སེར་དང་ ཨ་ལུ་བུཚ་ཚུ་ ག་དེ་མགྱོགས་མགྱོགས་དང་ ག་དེ་དྲག་དྲག་ ཕྱུགཔོ་བཟོ་དགོ་ཟེར་ཨིན་པས།
ང་བཅས་རའི་ རྒྱལ་ཁབ་ནང་ ཕྱག་ལཱ་སྦོམ་འདི་ ད་རེས་ཀྱི་ དུས་རབས་དང་ གནས་སྐབས་ གོ་སྐབས་ཚུ་ག་ར་ རྟགས་མཐུནམ་སྦེ་ ཡར་སོང་ཡི། ད་རེས་ཀྱི་ དུས་རབས་འདི་ ཨེ་ཤི་ཡའི་ དུས་རབས་དང་ དེ་གི་ནང་དོན་ཉིད་ལས་ཡང་ རྒྱལ་ཁབ་སྟོབས་ཤུགས་ཅན་དང་ རྒྱལ་ཁབ་ཕྱུགཔོ་ག་ར་གིས་ མིག་ཏོ་དེ་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ལུ་ ལྟ་དོ་ཡོདཔ་ད་ དེ་སྦེ་ བལྟ་མི་དེ་ཡང་ ད་ལྟོ་ ལུང་ཕྱོགས་འདི་ ཕོཝ་རྒྱགས་པའི་བསྒང་དང་ ཤུགས་བཏགས་པའི་བསྒང་ཨིནམ་ལས་ མི་རློབས་ཡང་ ཐེར་འབུམ་ ༢ མ་ལངམ་ཅིག་ནང་ མི་ཕྱུགཔོ་དང་ ཤེས་ཡོན་ཅན་ ལེ་ཤ་ཅིག་ཡོད་ཟེར་ གསུངས་གནང་ཡི།
ཨིན་རུང་ ལྷོ་ཨེ་ཤི་ཡ་ལུ་ དཔལ་འབྱོར་གྱི་ གདན་ས་ཅིག་མེདཔ་ད་ ཤར་ལྷོ་ཡེ་ཤི་ཡའི་ནང་ སིངྒ་པོར་དང་ མི་ཌཱལ་ཨིཛ་ནང་ དུ་བཱའི་འདུག་ ང་བཅས་ ལྷོ་ཨེ་ཤི་ཡའི་ནང་ དཔལ་འབྱོར་གྱི་ ལྟེ་བ་གཙང་ཏོག་ཏོ་དང་ བརྟན་ཏོག་ཏོ་ཅིག་མེདཔ་ལས་ ལྟེ་བ་དེ་ འགོ་བཙུགས་དགོ་པ་ཅིན་ ང་བཅས་ འབྲུག་རྒྱལ་ཁབ་ཀྱིས་ འགོ་བཙུགས་དགོཔ་ལས་ དཔལ་འབྱོར་གྱི་ལྟེ་བ་དེ་ རྒྱལ་ཁབ་ནང་ འགོ་བཙུགས་ནིའི་དོན་ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་འདི་ཨིནམ་ལས་ མ་འོངས་པ་ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་འདི་ ག་ཅི་བཟུམ་ཅིག་ འོང་ནི་ཨིན་ནའི་སྐོར་ལས་ མདོར་བསྡུས་ཅིག་སྦེ་ གསུངས་པའི་ནང་གསལ་ ནང་པའི་ཆོས་འདི་གི་ ལམ་ལུགས་བཟངམོ་མ་འདྲཝ་ཡོད་མི་ཚུ་དང་ འབྲུག་གི་ཁྱད་ཆོས་ཚུ་ སྤེལ་ནི་དང་ རོགས་ལུ་སྟོན་ནིའི་དོན་ལས་ གདན་ས་སྦོམ་སྦེ་ར་ ཆགས་འོང་ཟེར་ཨིན་པས།
དེ་གི་ཐེད་ཁར་ འཕགས་པའི་དགེ་འདུནམ་དང་ གཞུང་གྲྭ་ཚང་ ཆོས་སྡེ་ཁག་་ དེ་ལས་ སྤྲུལ་སྐུ་རིན་པོ་ཆེ་ཚུ་དང་ བླམ་མཁནམ་ཚུ་ལུ་ དགའ་ཚོར་སྦོམ་སྦེ་ར་ཡོད་མི་དེ་ཡང་ ང་གིས་ ཁོང་ལུ་ འགན་ཁག་བཀལ་ཏེ་ གུ་རུ་སྣང་ཟིལ་གནོན་གྱི་ལྷ་ཁང་དང་ སྒྲོལ་མའི་ལྷ་ཁང་ ཕྱག་ན་རྡོ་རྗེ་ རྣམ་སྲས་ཕོ་བྲང་ལ་སོགས་པ་ཚུ་ ཕྱི་ཁ་ལས་ རོགས་རམ་འཚོལ་ཏེ་ གཞན་དང་མ་འདྲཝ་སྦེ་ བཟོ་དགོཔ་སྦེ་ གསུངས་ཡོདཔ་མ་ཚད་ དུས་ཅི་ར་ མཆོད་རྟེན་དང་ རྫོང་ ལྷ་ཁང་དགོན་སྡེ་ ༢༡ དེ་ཅིག་ འགོ་བཙུགས་ཆོགཔ་སྦེ་ཡོདཔ་ལས་ དུས་ནམ་ཡང་ མ་བརྗེད་པའི་ བཀྲིན་དགའ་ཚོར་ཡོད་ཟེར་ གསུངས་གནང་ཡི།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ལས་འཛིན་དང་ ཚོང་འབྲེལ་ འཛམ་གླིང་དངུལ་ཁང་ སྐྱེལ་འདྲེན་བརྒྱུད་ལམ་ འཕྲུལ་རིག་གདན་ས་ དེ་ལས་ ཁྱད་རིག་གི་ཞབས་ཏོག་ཚུ་ཡང་ འདྲ་མིན་སྣ་ཚོགས་ བྱིན་ནི་ཨིནམ་ལས་ ཕྱི་མི་ཚུ་ རང་བཞིན་གྱིས་ འོང་ནི་འགོ་བཙུགས་པའི་སྒང་ལས་ ཁོང་སྡོད་སའི་ཁྱིམ་དང་ ལཱ་འབད་སའི་ཡིག་ཚང་ བཟའ་འཐུང་གི་རིགས་ རྩེདམོ་རྩེ་ས་ སྤྲོ་སྟོན་ས་ དེ་ལས་ རྒྱལ་ཡོངས་གླིང་ག་ མ་ནཛ་དང་ ཕིབ་སུ་ ༢ ཡོད་པའི་གུ་ ནགས་ཚལ་སྦུག་ན་ རི་དྭགས་སེམས་ཅན་སྣ་ཚོགས་དང་ རྩལ་རྐྱབ་དགོ་རུང་ གྲུ་གཏང་དགོ་རུང་ གཙང་ཆུ་ཡོད་པའི་ཁར་ མགྱོནམོ་ཁོང་རང་ ཨ་ལོ་ཚུ་དང་མཉམ་གཅིག་འོང་པ་ཅིན་ དཔེ་ཆ་ལྷབ་སའི་ སློབ་གྲྭ་ལེགས་ཤོམ་ རྒྱལ་སྤྱིའི་སློན་གྲྭ་དང་ ན་ཚ་རེ་འབྱུང་པ་ཅིན་ དྲུང་འཚོ་དང་ སྨན་ཁང་དྲག་ཤོས་ཀྱི་ དགོས་མཁོ་ཡོད་མི་ཚུ་ ཁ་ལས་སླབ་ད་ འཇམ་དོ་བཟུམ་སྦེ་ཚོར་རུང་ ལཱ་ཁག་ཡོད་མི་དེ་ ཕྱི་ཁའི་པགས་ཀོ་ར་ཨིན་ཟེར་ གསུངས་གནང་ཡི།
དུས་ཅི་ ང་བཅས་ཀྱིས་ ག་ཅི་ལུ་ དམིགས་པ་བསྐྱེད་དེ་ ལཱ་རྩ་འགེངས་འབད་དོ་ཟེར་བ་ཅིན་ ནང་གི་གཟུངས་འདི་ ལེགས་ཤོམ་སྦེ་ སྒྲིག་དོ་ཟེར་ཨིནམ་ད་ རོགས་ཕྱི་ཁའི་ཚོང་སྡེ་ཚུ་གིས་ དྲན་ཤེས་ཁྲོམ་ དུ་བཱའི་དང་ སིངྒ་པོར་ ཧོང་ཀོང་ ལཱོན་ཌཱོན་ ཊོ་ཀི་ཡོ་ ནིའུ་ཡོག་ཚུ་ཡོདཔ་ལས་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ ག་ཅི་སྦེ་ དྲན་ཤེས་ཁྲོམ་དགོཔ་སྨོ་ཟེར་ དེ་འཕྲལ་ལས་ དྲི་བ་བཀོད་ནི་ཨིན་པའི་ཁར་ རོགས་ཚོང་རྐྱབ་མི་ཨིནམ་ལས་ ཡང་ཅིན་ ཏི་རུ་ལུ་འཕང་ནི་དང་ ཡང་ཅིན་ ཏི་རུ་བདག་འཛིན་འཐབ་ནི་ ཁོང་གི་དམིགས་ཡུལ་དང་ རེ་བ་ཚུ་ སེམས་ཁར་བཞག་སྟེ་ ང་བཅས་ཀྱིས་ ནང་གཟུང་འདི་ འདྲ་མིན་སྣ་ཚོགས་སྦེ་ འགྲིག་མ་ཚུགས་པ་ཅིན་ ཕྱིའི་པགས་ཀོ་འདི་ ཐོན་ར་མི་འཐོན་ནི་ཨིནམ་ལས་ ང་ར་ཡང་ དུས་ཅི་ ལོ་ ༡ མཁས་མཆོག་ཚུ་དང་གཅིག་ཁར་ ཉིནམ་ ༡ ཡང་ སྡོད་ལོང་དང་ ཆུ་ཚོད་ ༡ ཡང་ ངལ་མ་འཚོ་བར་ བཞེས་རུང་བཅུད་མེད་ གཟིམ་རུང་མནལ་མེད་པར་ ཐུགས་ཚ་གྱང་བཞེས་ཏེ་ ནང་གཟུང་འདི་ལུ་ར་ ཚ་གང་ཐོག་ལས་ རྩ་འགེངས་ཏེ་ ཕྱག་ལཱ་གནང་དོ་ཟེར་ཨིན་པས།
ཕྱི་མི་ཚུ་ འབྲུག་ལུ་ ཁྱིམ་གྱི་ལེགས་གོ་ལུ་ བལྟ་སྟེ་མིན་པར་ ང་བཅས་ཀྱིས་ ལཱ་འབད་ཐངས་ལུ་བལྟ་སྟེ་ འོང་ནི་ཨིནམ་ལས་ གཞུང་སྐྱོང་ལེགས་ལྡན་དང་ ཁྲིམས་གྱི་རིང་ལུགས་ཚུ་ འཛམ་གླིང་ནང་ དྲག་ཤོས་ལས་དྲག་ཤོས་ཀྱི་གྲས་ཁར་ བཙུགས་ནི་ལུ་ དཔའ་བཅམ་དོ་ཡོདཔ་ད་ རོགས་ཚོང་རྐྱབ་མི་ཚུ་ འོང་པའི་སྒང་ལས་ བྱ་སྟབས་བདེ་ཏོག་ཏོ་དང་ བརྟན་ཏོག་ཏོ་ སྒོ་ཡངས་ཏོག་ཏོ་ སེམས་བང་ཆགས་ཏོག་ཏོ་སྦེ་ བཟོ་ནི་ཨིན་ཟེར་ གསུངས་གནང་ཡི།
དེ་ལས་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ དྲན་ཤེས་ཁྲོམ་ཚོགས་ཅིག་ཡོད་པའི་ ས་གོ་ནང་ ངན་ལྷད་མིན་འདུག་ཟེར་ རང་བཞིན་གྱིས་ བློ་གཏད་དེ་ སེམས་ཆགས་ནི་དང་ ཤོབ་རྐྱབ་ནི་ ཨརཝ་བརྐུ་ནི་ འཐུས་ཤོར་ནི་ སྨྱོ་རྗས་ལག་ལེན་འཐབ་ནི་ ཁྲིམས་འགལ་གྱི་ ལཱ་འབད་ནི་ཚུ་ག་ར་ རྩ་མེ་བཏང་ནི་ཚུ་ཡང་ ང་ར་གིས་ར་ འགན་འབག་སྟེ་ རྩིས་བདག་བཏང་ཞིནམ་ལས་ གྲུབ་འབྲས་འཐོནམ་སྦེ་ར་ མཛད་འོང་ཟེར་ཨིན་པས།
དེ་འབདཝ་ལས་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ དཔལ་འབྱོར་གྱི་ལྟེ་བ་ཅིགལུ་ རང་བཞིན་གྱིས་ འགྱུར་འགྱོ་ནི་ཨིན་མི་དེ་ཡང་ སིངྒ་པུར་དང་ ལཱོན་ཌཱོན་ཚུ་ལུ་ ཁྱད་རིག་དང་ ལྕོགས་གྲུབ་ཅན་ཡོདཔ་ལས་ ཁྱད་རིག་གི་ཞབས་ཏོག་ ག་ཅི་ར་དགོ་རུང་ ཁོང་གིས་ བྱིན་ནི་ཨིནམ་བཞིན་དུ་ ང་བཅས་རའི་ རྒྱལ་ཁབ་ཀྱི་ ན་གཞོན་དང་ ཡོན་ཏན་སྦོམ་ཡོད་མི་ ལྕོགས་གྲུབ་ཅན་ཚུ་ལུ་ གོ་སྐབས་བྱིན་ནི་དང་ ད་ལྟོ་ མ་ཤེས་མི་ཚུ་ལུ་ སྟོན་བྱིན་ནི་ གནས་སྐབས་ཅིག་ ང་བཅས་རའི་ རྒྱལ་ཁབ་ནང་ མི་མ་ལང་པ་ཅིན་ འཛམ་གླིང་གི་ མཁས་ཆོག་ཚུ་ འབོ་ཞིནམ་ལས་ ང་བཅས་རའི་དོན་ལུ་ ལཱ་འབད་བཅུག་ནི་ཨིན་ཟེར་ གསུངས་གནང་ཡི།
དེ་མ་ཚད་ ང་བཅས་ཀྱིས་ ལཱ་འབད་རིགས་འབད་ཚད་ནང་ དམ་ཚིག་དཔང་བཙུགས་ཏེ་ འབད་ནི་ཨིནམ་ལས་ འ་ནི་བཟུམ་མའི་ ནང་གཟུངས་ཚུ་ག་ར་ ལེགས་ཤོམ་ཡོད་པའི་བསྒང་ལས་ ཕྱི་མི་ཚུ་ འོང་ནི་ཨིནམ་བཞིན་དུ་ བཟའ་ཁང་དང་ ཚོང་ཁང་ སྡོད་སའི་ཁྱིམ་ ལམ་དང་ ཟམ་ གནམ་གྲུའི་ཐང་ལ་སོགས་པའི མཁོ་ཆས་ག་ཅི་དགོ་མི་ཚུ་ཡང་ རྩ་འགེངས་ཏེ་ བསྒྲུབ་འོང་ཟེར་ཨིན་པས།
མི་དབང་མཆོག་ རྒྱལ་ཁབ་གཞན་ཁར་ ཆིབས་བསྐྱོད་གནངམ་ད་ ཕྱི་གླིངཔ་ཚུ་གི་ ཁ་ལས་ཐོན་ས་ཅིགཔོ་ ཚ་གྱང་གི་ ལོ་རྒྱུས་ར་ཨིནམ་ད་ དེ་ཡང་ འཛམ་གླིང་གི་ གནས་སྟངས་དང་ བྱ་སྟབས་མ་བདེཝ་ལུ་བལྟ་སྟེ་ གནམ་མེད་ས་མེད་ ཚ་གྱང་ལང་སྟེ་ཡོད་ལུགས་དང་ ད་རུང་ ཁོང་གིས་ འཛམ་གླིང་ནང་ དཔྱེ་བལྟ་ས་ཅིག་དང་ དཔྱེ་སྟོན་སའི་ ས་གོ་ཅིག་དགོ་པས་ཟེར་ཡང་ སླབ་མིའི་ཐེད་ཁར་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ སྟོན་ར་སྟོན་ཚུགས་ནི་དང་ དེ་ཡང་ བྱ་སྟབས་མ་བདེཝ་སྦོམ་ཤོས་ཚུ་ རེས་ཚེ་སྐབས་ གནས་སྐབས་ཕུད་རྡོག་ཅིག་གིས་ སྟོན་ཚུགས་ནི་དང་ རེས་ཚེ་སྐབས་ གནས་སྐབས་སྦོམ་ཚུ་ རྒྱལ་ཁབ་ཆུང་ཀུ་ལས་ཡང་ སྟོན་ཚུགས་ཟེར་ གསུངས་གནང་ཡི།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས།
དུས་རབས་འདི་ནང་ རྒྱལཔོ་དང་ ང་བཅས་རའི་ མི་སེར་ཚུ་གི་ འགན་ཁུར་དང་ རེ་བ་ སྨོན་ལམ་ཟེར་རུང་ ད་རེས་ མཛད་དགོ་པའི་ ཕྱག་ལཱ་ཁག་ཆེ་ཏོག་ཏོ་ཚུ་ ཁ་གིས་འདི་ དྲན་ཤེས་ཁྲོམ་ཚོགས་ ཡར་རྒྱས་གོང་འཕེལ་གྱི་ ཕྱག་ལཱ་དང་ ན་གཞོན་ ན་གཞོན་གྱི་ཤེས་ཡོན་ བདེ་སྲུངཔ་ རྒྱལ་སྲུངཔ་ཟེར་ ག་ཅི་ར་ སླབ་སྟེ་ར་འབད་རུང་ འཐའན་མཇུག་ལུ་ ལཱ་གཅིག་ལས་མེད། དེ་ཡང་ མི་དབང་མངའ་ཞབས་མཆོག་ ཕྱི་རྒྱལ་ལུ་ བྱོན་རིགས་བྱོན་ཚད་ཅིག་ནང་ འབྲུག་ཟེརཝ་ཅིག་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་ལུ་གནས་ཏེ་ འགན་ཁུར་འབག་མི་ རྒྱལ་ཁབ་མ་འདྲ་ཝ་ཅིག་ཡོད་ཟེར་གོ་ཡི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ རྒྱལ་ཁབ་ཨིན་སྨོ་ཟེར་ འཛམ་གླིང་ནང་ འ་ནེམ་ཅིག་གི་ བག་ཆགས་འདུག།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ ཧ་ལས་ཏེ་ ང་བཅས་ག་ར་ ཁྱེད་ལུ་ ཡིད་ཆེས་དང་ རྒྱབ་སྐྱོར་ཡོད་ ང་བཅས་ དཔྱེ་ཁྱེད་ལུ་བལྟ་དགོ་པས་ཟེར་ སླབ་ཐོན་འོང་མས། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འདི་ མི་དབང་འབྲུག་རྒྱལ་བཞི་མཆོག་གི་ ཐུགས་ཀྱི་དགོངས་གཏེར་དང་ འབྲུག་པའི་མི་སེར་ཚུ་གི་དོག་གཏད་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ཀྱི་ ཡིད་ཞིན་གྱི་ནོར་བུ་ རང་གི་ཨ་ལོ་བཟུམ་སྦེ་ བདག་འཛིན་འཐབ་སྟེ་ ཉམས་མ་བཅུག་པར་ ད་རེས་ ཕྱག་ལཱ་མཛད་རིགས་མཛད་ཚད་ཅིགཔོ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་འདི་ འཛམ་གླིང་ནང་ སྤེལཝ་མ་ཚད་ དུས་རབས་ ༢༡ པའི་ནང་ བཀལ་ཚུགསཔ་སྦེ་ མཛད་ནི་ཨིན་ཟེར་ གསུངས་གནང་ཡི།
ལམ་ལུགས་ ༢ པོ་འདི་ ལོག་སྟེ་ར་ ལམ་ལུགས་ ༡ སྦེ་བཟོ་ནི།
ད་རེས་ རྒྱལ་ཁབ་ཅིག་ནང་ ལམ་ལུགས་ ༢ སྦེ་ བཟོ་ཡོད་རུང་ དུས་གཏན་འཇགས་ར་ ལམ་ལུགས་ ༢ སྦེ་ མི་བཞག་ནི་ཨིནམ་ད་ དེ་ཡང་ ད་རེས་ གནས་སྐབས་ཅིག་ ཁེ་ཕན་ཡོད་ལུགས་དང་ མ་འོངས་པ་ལུ་ ལོག་སྟེ་ར་ རྒྱལ་ཁབ་ཅིག་ནང་ ལམ་ལུགས་ ༡ སྦེ་ར་ བཟོ་ནི་ཨིནམ་ལས་ དེ་སྦེ་ བཟོ་ནིའི་དོན་ལུ་ ས་གོ་ཁག་ ༤ གི་ནང་ ཕྱག་ལཱ་ལེ་ཤ་ཅིག་ར་ མཛད་དགོཔ་ཡོད་པའི་ནང་ལས་ དང་པ་ དམངས་གཙོའི་ལམ་ལུགས་འདི་ ཧེང་སྐལ་ར་ སྒྲིང་སྒྲིང་བཟོ་དགོཔ་དང་ གཉིས་པ་ ཞི་གཡོགཔ་ཚུ་ ད་རེས་བཟུམ་སྦེ་མིན་པར་ མ་འོངས་པའི་ འགན་ཁུར་དང་ རྟགས་མཐུནམ་སྦེ་བཟོ་དགོཔ་ གསུམ་པ་ ཁྲིམས་འདི་ལེ་ཤ་ཅིག་ར་ ལེགས་བཅོས་འབད་དགོཔ་ བཞི་པ་ ང་བཅས་རའི་ མི་སེར་ཚུ་ ཐབས་ཤེས་གནས་སྐབས་སྟོན་ཏེ་ ག་དེ་མགྱོགས་མགྱོགས་ སྒྲིང་སྒྲིང་བཟོ་དགོ་ཟེར་ཨིན་པས།
དམངས་གཙོའི་ལམ་ལུགས།
དེ་བསྒང་ མི་དབང་མཆོག་ ཀྲོང་གསར་དཔོན་སློབ་ཀྱི་ ཕྱག་འགན་བཞེས་ཏེ་ ཡབ་རྗེ་དམ་པའི་སྒོ་ཁར་ ཕྱག་ཞུ་བཞུགསཔ་ད་ ཡབ་རྗེ་མཆོག་གིས་ ང་བཅས་ ༢ མཉམ་གཅིག་སྦེ་ ཕྱག་ལཱ་མཛད་དེ་ རྒྱལ་ཁབ་ཀྱི་ གཙུག་སྡེ་མ་འདྲ་ཝ་ཅིག་བཟོ་གེ་ འབྲུག་ལུང་པ་ལུ་ རྒྱལཔོ་ལེགས་ཤོམ་དང་ མཁས་དྲགས་ སྒྲིང་སྒྲིང་ཅིག་ཡོད་པ་ཅིན་ འདི་ར་བརྟན་ ཨིན་རུང་ ང་བཅས་ ༢ མེད་པའི་ ནམ་དུས་ལུ་ ནམ་ཅིག་གི་ཚེ་ དབང་ཐང་རླུང་རྟ་གུད་ རྐྱེན་བར་ཆད་ལུ་བརྟེན་ཏེ་ རྒྱལཔོ་གཅིག་ཁྱད་མ་ཆོདཔ་ཅིག་ འཐོན་པ་ཅིན་ ཉེན་ཁ་ཐོན་ཏེ་ བཀལ་སར་བཀལ་ནི་ཨིནམ་ལས་ དམངས་གཙོའི་ལམ་ལུགས་འདི་ མ་འདྲཝ་ཅིག་བཟོ་གེ་ཟེར་ གསུངསམ་བཞིན་དུ་ དུས་དེ་ལས་ འགོ་བཙུགས་ཏེ་ ཕྱག་ཞུ་ཡི་ཟེར་ གསུངས་གནང་ཡི།
དེ་ལས་ ཕྱག་ལཱ་མཛདཔ་ད་ འབྲུག་རྒྱལ་བཞི་པ་མཆོག་ ཐུགས་རིག་གན་མེད་ས་མེད་ མཁས་དྲགས་ཨིན་ལུགས་དང་ དེ་བསྒང་ མི་དབང་ཡབ་རྗེ་དམ་པ་མཆོག་གིས་ ང་བཅས་རའི་ དམངས་གཙོ་ལམ་ལུག་འདི་ ཕྱིའི་རྒྱལ་ཁབ་ལས་ དཔྱེ་མ་བལྟ་བར་ གསར་བཏོད་མཛད་ཡོད་ལུགས་དང་ ཁོང་གི་ལམ་ལུགས་ལུ་ སྐྱོན་ལེ་ཤ་ཡོདཔ་ལས་ ཁོང་དང་མ་འདྲ་མི་དེ་ཡང་ ཁོང་ལུ་ རྒྱུ་སྟོབས་དང་ མི་སྟོབས་རྒྱ་ཆེ་ས་ལས་སྦེ་ རྒྱལ་ཁབ་སྒྲིང་སྒྲིང་ཡོད་ལུགས་དང་ ང་བཅས་རའི་ རྒྱལ་ཁབ་འདི་ ཆུང་ཀུ་ཨིནམ་ལས་ དམངས་གཙོའི་ལམ་ལུགས་དང་ གཞུང་སྐྱོང་ལས་ལུགས་འདི་ ཁོང་བ་དྲགཔ་སྦེ་ སྒྲིང་སྒྲིང་བཟོ་ནི་ཨིནམ་སྦེ་ གསུངས་ཡི་ཟེར་ཨིན་པས།
དེ་མ་ཚད་ སྲིད་ཚོགས་མང་ར་མང་པ་ཅིན་ སྲིད་ཚོགས་མཉམ་འབྲེལ་གྱི་གཞུང་ཟེར་ ཚོང་འབྲེལ་འཐབ་དོ་བཟུམ་མའི་ སྲིད་དོན་ཚོགས་པ་དེ་ ང་བཅས་རའི་ རྒྱལ་ཁབ་ནང་ དགོ་ར་མིན་དགོ་ཟེར་ བཙག་འཐུ་ལྷན་ཚོགས་ལུ་ རྩིས་དག་དམ་དམ་སྦེ་ བཏང་དགོ་པའི་ བཀའ་རྒྱ་གནང་ཡོད་ལུགས་དང་ འབྲུག་རྒྱལ་ཁབ་ནང་ སྲིད་དོན་ཚོགས་པ་ བཟོ་ནི་ལུ་ཡང་ ལཱ་ཁག་ཡོད་མི་དེ་ཡང་ དང་པ་ འགོ་ཐོག་བཙག་འཐུའི་ནང་ བཅའ་མར་གཏོགས་དགོཔ་ལས་ སྤྱིར་བཏང་བཙག་འཐུའི་ལྷོདཔ་ད་ སྲིད་དོན་ཚོགས་པ་ ༢ ལས་ ག་རྒྱལ་མི་དེ་ གཞུང་སྐྱོང་དང་ ཕམ་མི་དེ་ ལྡོག་ཕྱོགས་ཟེར་ སྲིད་དོན་ཚོགས་པ་ ༢ འཆམ་ཏོག་ཏོ་སྦེ་ མི་སེར་གྱི་ མཐའ་དོན་དེ་ར་ གཙོ་བོར་བཏོན་ཏེ་ ལཱ་འབདཝ་ཨིན་ཟེར་ གསུངས་གནང་ཡི།
དེ་ལས་ མི་དམངས་བསྐུལ་བསྒྲགས་ཀྱི་དོན་ལུ་ མ་དངུལ་ལོགས་སུ་སྦེ་ བཞག་མི་འདི་ ཏི་རུའི་དབང་ལུ་ མི་ཐལ་ནི་དང་ དྭངས་གསལ་དང་ འདྲ་མཉམ་ཐོག་ལུ་ བཟོ་གནང་པའི་ཁར་ བཅའ་མར་གཏོགས་དགོ་མནོ་མི་ འདེམས་ངོ་ཚུ་ལུ་ཡང་ ཉུང་མཐའ་ར་ མཐོ་རིམ་ཤེས་ཡོན་དགོཔ་སྦེ་ བཟོ་གནང་ཡི་ཟེར་ཨིན་པས།
སྤྱི་ལོ་ ༢༠༠༨ ལུ་ རྒྱལ་རབས་ནང་ཚུད་པའི་ འབྲུག་གི་རྩ་ཁྲིམས་ཆེན་མོ ཆ་འཇོག་མཛད་གནང་སྟེ་ བཙག་འཐུ་ལས་གྲུབ་པའི་ གཞུང་དང་པ་གིས་ འགན་འབག་པའི་ཉིན་མ་ལས་ རྒྱལཔོ་ཡབ་སྲས་ ༢ ཀྱི་ ཐུགས་ཀྱི་དགོངས་བཞེད་དེ་ གྲུབ་ཚར་ཡི་ཟེར་ མི་སེར་ཚུ་གིས་ མནོ་སྡོད་མ་གདའ་ ང་བཅས་ཀྱིས་ ལཱ་འགོ་བཙུགས་མི་དེ་ ལམ་ཕྱེད་ཀ་ལུ་ཡང་ མ་ལྷོད་མི་དེ་ཡང་ ད་རུང་ཡང་ བཅོ་ཁ་རྐྱབ་སྟེ་ སྒྲིང་སྒྲིང་བཟོ་དགོཔ་ ལེ་ཤ་ཅིག་ར་ཡོད་ཟེར་ གསུངས་གནང་ཡི།
ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ རི་དང་བྱག་གིས་བསྐོར་བའི་ རྒྱབ་ཁབ་ཆུང་ཀུ་ཅིག་དང་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཨིན་པའི་གུ་ བྱང་ཁ་ཐུག་ལུ་ རྒྱ་ནག་དང་ ལྷོ་ཁ་ཐུག་ལུ་ རྒྱ་གར་རྒྱལ་ཁབ་ སྟོབས་ཤུགས་ཅན་ ༢ ཀྱི་བར་ན་ ཨེབ་ཏ་རྐྱབ་སྟེ་ མི་སེར་ལག་པའི་སྤར་གང་ལས་མེད་མི་ལུ་ དམངས་གཙོའི་རིང་ལུགས་འདི་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ ཐུགས་དགོངས་ལྟར་དུ་ ག་ནི་བ་དྲགཔ་སྦེ་ བཟོ་དགོ་ཟེར་ཨིན་པས།
ཞི་གཡོགཔ།
ཞི་གཡོགཔ་ཚུ་གིས་ རང་སོའི་ལཱ་འགན་ཚུ་འབག་སྟེ་ ཉིན་ནུབ་མེད་པར་ ཕྱག་ཞུ་མི་དེ་ལུ་ དགའ་ཚོར་དང་ རྒྱབ་སྐྱོར་སྦོམ་སྦེ་ར་ཡོད་རུང་ ཞི་གཡོགཔ་ཚུ་ལུ་ འགན་ཁུར་དང་བསྟུན་པའི་ ལཱ་འགན་དེ་ བཀལ་ར་བཀལ་དགོ་མི་དེ་ཡང་ འཛམ་གླིང་ནང་ ལས་སྡེ་ལེ་ཤ་ཅིག་གི་ ལས་གཡོགཔ་ཚུ་གིས་ ཐབས་ཤེས་གནས་སྐབས་ཐོག་ལས་ བསམ་གྱི་མ་ཁྱབ་པའི་ གྲུབ་འབྲས་སྦོམ་སྦེ་ར་ བཏོན་ཚུགསཔ་ད་ ང་བཅས་ཀྱིས་ ག་ཅི་སྦེ་འབད་ཚུགསཔ་སྨོ་ འབད་ཚུགས་ར་ཚུགས་ཟེར་ གསུངས་གནང་ཡི།
ད་རུང་ ལོག་སྟེ་ར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་སྐོར་ལས་ གསུངས་གནང་པའི་ནང་གསལ་ རྒྱལ་ཁབ་ཕྱི་ནང་གི་ མི་གེ་ར་གིས་ དྲན་ཤེས་ཁྲོམ་ཚོགས་དེ་ ཧ་ལས་སི་སི་དང་ ལཱ་དེ་ཚུ་ འདྲོག་སི་སི་སྦེ་འབད་དེས་ ཤེས་ཡང་ཤེས་པས་ ཨིན་རུང་ གཞན་ཚུ་ག་ཅི་འབད་དཔ་ཨིན་ན་ ཨའེ་སྨོ་ བློ་ཁོལ་མི་ཁོལ་ཟེར་ ཚ་གྱང་ལང་ནི་ འགོ་བཙུགས་པ་ཅིན་ རྒྱལཔོ་ང་ར་ འཐུས་སྦོམ་སྦེ་ར་ ཤོར་སོང་པའི་ རྟགས་ཨིནམ་ད་ ད་རེས་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དམིགས་ཡུལ་དེ་རང་ ཞི་གཡོགཔ་དང་ དྲན་ཤེས་ཁྲོམ་ཚོགས་ ༢ འདྲན་འདྲ་སྦེ་ར་ ཕོཝ་རྒྱགས་དགོཔ་སྦེ་ཨིནམ་བཞིན་དུ་ གཅིག་གདོང་ཁར་འཐོན་ གཅིག་རྒྱབ་ཁར་ ལུས་སོང་པ་ཅིན་ ལེགས་ཤོམ་མིན་ཟེར་ཨིན་པས།
དེ་འབདཝ་ལས་ ཞི་གཡོགཔ་ཚུ་ ཧེ་མ་བཟུམ་སྦེ་ འདྲེ་གིས་བདའ་དོ་བཟུམ་ ཚབ་ཚབ་སྦེ་ འབད་གོཔ་ཅིག་ཡང་མ་གཟིགས་ ལེགས་ཤོམ་སྦེ་ར་ མནོ་བསམ་གཏང་སྟེ་ ལཱ་འབད་ནིའི་དོན་ལུ་ ལོ་ ༡༠ གྱི་ དུས་ཚོད་གནང་ནི་ཨིནམ་ལས་ མགུ་ལས་མཇུག་ཚུན་ ལེགས་བཅོས་འབད་ནི་དང་ སོར་དགོཔ་ཡོད་མི་ཚུ་ཡང་ ག་ར་སོར་ནི་དང་ སྲིད་བྱུས་ལེགས་ཤོམ་སྦེ བརྩམ་ཞིནམ་ལས་ ལས་སྡེ་གཞན་བ་དྲགཔ་སྦེ་ བཟོ་དགོཔ་དེ་ ག་ནི་བ་ གལ་ཆེ་ཟེར་ གསུངས་གནང་ཡི།
ཁྲིམས་ལེགས་བཅོས།
དེ་བཟུམ་སྦེ་ ཁྲིམས་ལེགས་བཅོས་འབད་དགོཔ་ གལ་ཆེ་མི་དེ་ཡང་ རྒྱལ་ཁབ་གཞན་ཁར་འགྱོཝ་ད་ ཁྲིམས་ལུ་བརྟེན་ཏེ་ དཀའ་ངལ་ཐོན་དོ་ཡོདཔ་ད་ ཁྲིམས་དེ་མང་ར་མང་པའི་བསྒང་ལས་ མི་སེར་ཚུ་གིས་ ཧ་མ་གོ་ དོགས་པ་ཟ་ ཆ་མ་བཞགཔ་ལས་ ལག་ལེན་འཐབ་མ་ཚུགསཔ་ཐལ་ གཡོག་བཀོལ་ནི་ཟེརཝ་ཡང་མེད་ ལཱ་འབད་དགོཔ་ མ་བདེ་ཁག་ཁག་ རྐངམ་ལགཔ་བསྡམས་བཞག་བཞགཔ་བཟུམ་སྦེ་ བཟོ་ནི་དེ་གིས་ དཔལ་འབྱོར་དང་ ལཱ་ལུ་ཐོ་ཕོགཔ་ལས་ ནད་མ་འོངམ་ལས་ རིམ་གྲོ་ཟེར་དོ་བཟུམ་སྦེ་ དྲནམ་བཏོན་ཞིནམ་ལས་ བཅོ་ཁ་རྒྱབ་སྟེ་ ལཱ་བཀོལ་ཚུགསཔ་དང་ ཕན་ཐོགསཔ་སྦེ་ བཟོ་ཞིནམ་ལས་ ཁྲིམས་ཀྱི་དམིགས་ཡུལ་ལྟར་དུ་ མི་སེར་བདག་འཛིན་འཐབ་ནི་དང་ མི་སྡེའི་འཚོ་བའི་གནས་སྟངས་ ཕུན་སུམ་ཚོགས་ཏོག་ཏོ་བཞག་ནི་ ཡར་རྒྱས་གོང་འཕེལ་ལུ་ རྒྱབ་སྐྱོར་ཕུལ་ནི་དེ་ཨིན་ཟེར་ གསུངས་གནང་ཡི།
ད་རེས་ གནས་སྟངས་དང་འཁྲིལཝ་ད་ གལ་ཆེ་ཤོསཅིག་ དཔལ་འབྱོར་གྱི་ ཕྱ་ལཱ་དེ་ཨིནམ་ལས་ ཁྲིམས་ཀྱི་ཐོག་ལས་ དཔལ་འབྱོར་ལུ་ རྒྱབ་སྐྱོར་ཕུལ་དགོ་པའི་ཁར་ འབྲུག་ལུ་ མི་རློབས་དེ་ཡང་ འབུམ་ ༧ ལྷགཔ་ཅིག་ལས་ མེད་ནི་དེ་གིས མི་ ༡ གིས་ མི་ ༡༠ གྱི་ ཁྱད་ཆོདཔ་སྦེ་དང་ མི་ ༡ གིས་ མི་ ༡༠ གྱི་ ལཱ་འབད་ཚུགསཔ་ བཟོ་དགོཔ་བཞིན་དུ་ དེ་སྦེ་ བཟོ་ཚུགས་པ་ཅིན་ མི་ས་ཡ་ ༧ ཡོདཔ་དང་འདྲ་ཟེར་ཨིན་པས།
ད་ལྟོ་ གནས་སྐབས་ཅིག་ དྲན་ཤེས་ཁྲོམ་ཚོགས་ནང་ ཕྱིའི་རྒྱལ་ཁབ་ཀྱི་ ལས་མི་འཚོལ་ཏེ་ མི་ལེ་ཤ་ཅིག་ བཙུགས་ཏེ་འབད་རུང་ ཁོང་ཆ་ཁྱབ་ ལཱ་འབད་ཚར་ཏེ་ ལོག་འགྱོ་བའི་སྐབས་ལུ་ ང་བཅས་རའི་ འབྲུགཔ་ཚུ་གིས་ ངལ་རང་ཏོག་ཏོ་སྦེ་ ལཱ་རྩིས་ལེན་ཚུགས་དགོ་པའི་ཁར་ ཁོང་གི་གནས་སྐབས་གསརཔ་མ་འདྲཝ་ཚུ་ཡང་ འབྲུག་པའི་ན་གཞོན་ཚུ་གིས་ ལག་ལེན་འཐབ་ཚུགསཔ་ བཟོ་དགོཔ་དང་ དམངས་གཙོའི་ལམ་ལུགས་འདི་ སྒྲིང་སྒྲིང་བཟོ་སྟེ་ གཞི་གཡོགཔ་ཚུ་ མ་འོངས་པའི་ འགན་ཁུར་དང་ རྟགས་མཐུནམ་སྦེ་ བཟོ་དགོཔ་མ་ཚད་ ཁྲིམས་ུཚུ་ཡང་ལེགས་བཅོས་འབད་དེ་ མི་སེར་ཚུ་ སྒྲིང་སྒྲིང་བཟོ་དགོ་ཟེར་ གསུངས་གནང་ཡི།
དེ་ལས་ དགེ་ལེགས་ཕུག་གི་ གནམ་གྲུ་ཐང་དེ་ ལོ་ ༥ གི་ ནང་འཁོད་ལུ་ བསྒྲུབ་ཚུགས་མཛད་ནི་ཨིནམ་ལས་ ཕྱག་ལཱ་མཛད་དགོཔ་ ལེ་ཤ་ཅིག་ཡོད་ལུགས་དང་ གནམ་གྲུ་ཐང་དེ་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ བྱམས་སྙིང་གི་སྒོ་ལས་ ཕྱག་ལཱ་གནངམ་ད་ འུ་བརྒྱལ་ནི་དང་ ཐུགས་ངལ་ནི་ལ་སོགས་པ་ཚུ་ རྩ་ལས་ར་མེད་ཟེར་ གསུངས་གནང་པའི་ཁར་ མ་འོངས་པའི་དོན་ལས་ ཤུལ་བཞག་དང་འདྲཝ་སྦེ་ ཕྱག་ལཱ་གནང་ནི་དེ་ དུས་རབས་ ༢༡ པའི་ནང་ ག་ནི་བ་ གལ་ཆེ་ཟེར་ གསུངས་གནང་ཡོད་པའི་གནས་ཚུལ།





Users Today : 3500
Users Yesterday : 3320
This Month : 93944
This Year : 389910
Total Users : 1101726
Views Today : 5957
Total views : 3077017
Who's Online : 26