
རོའི་ཊརཛ།
འཛམ་གླིང་ནང་ ལོངས་སྤྱོད་དང་ལྡན་པའི་ རྒྱལ་ཁབ་ཚུ་ལས་ བཀྲེས་སྐོམ་གྱི་ དཀའ་ངལ་ཡོད་མི་ཚུ་ལུ་ མ་དངུལ་གྱི་གྲོགས་རམ་ མར་འབབ་འགྱོ་མི་དང་བསྟུན་ཏེ་ བཟའ་འཐུང་མེད་པར་ལུས་མི་དེ་ ཡར་སེང་མཐོ་དྲགས་སྦེ་ར་ ཐོན་དོ་ཡོདཔ་ཨིན་པས།
དེ་ཡང་ འཛམ་གླིང་སྤྱི་ཚོགས་ལས་ སྤྱི་ལོ་ ༢༠༢༥ ལུ་ བཀྲེས་སྐོམ་གྱི་ དཀའ་སྡུག་མྱོང་མི་ ས་ཡ་ ༣༠༧ ལས་ བརྒྱ་ཆ་ ༦༠ དེ་ཅིག་གི་དོན་ལུ་ མ་དངུལ་ཚུ་ བསྡུ་སྒྲུབ་འབད་ཡོད་རུང་ ལྷག་ལུས་ས་ཡ་ ༡༡༧ དེ་ཅིག་ལུ་ བཟའ་ཆས་ཀྱི་ གྲོགས་རམ་མི་འཐོབ་ནི་ཨིནམ་སྦེ་བཤད་ནུག།
སྤྱི་ལོ་ ༢༠༢༤ གི་ ལོ་མཇུག་ལུ་ འཛམ་གླིང་ནང་ འགྲོ་བ་མིའི་དོན་ལས་ དགོས་མཁོ་ཡོད་པའི་ མ་དངུལ་ཌོ་ལར་ཐེར་འབུམ་ ༤༩.༦ ལས་ འཛམ་གླིང་སྤྱི་ཚོགས་ཀྱིས་ བརྒྱ་ཆ་ ༤༦ དེ་ཅིག་ བསྡུ་སྒྲུབ་འབད་ཚུགས་ཡོདཔ་ད་ འདས་པའི་ལོ་ངོ་ ༢ ཀྱི་ནང་ དགོས་མཁོ་ཡོད་མི་ མ་དངུལ་བསྡོམས་ལས་ བརྒྱ་ཆ་ ༥༠ ཡང་ བསྡུ་སྒྲུབ་འབད་མ་ཚུགས་པའི་ གནས་སྟངས་ནང་ཡོདཔ་ཨིན་པས།
དཔྱེ་འབད་བ་ཅིན་ འཛམ་གླིང་སྤྱི་ཚོགས་ བཟའ་འཐུང་ལས་རིམ་གྱིས་ སི་རི་ཡའི་ རྒྱལ་ཁབ་ནང་ར་ ལོ་བསྟར་བཞིན་དུ་ བཟའ་ཆས་གྲོགས་རམ་གྱི་ ཐོབ་ལམ་ཡོད་མི་ ས་ཡ་ ༦ འབད་མི་དེ་ ད་རེས་ གྲོགས་རམ་མ་དངུལ་གྱི་ ཐོན་ཁུངས་ཚོད་རྩིས་དང་འཁྲིལཝ་ད་ གྲོགས་རམ་ཐོབ་མི་ ས་ཡ་ ༡ ལུ་ ཕབ་དགོཔ་བྱུང་ནུག།
འཛམ་གླིང་སྤྱི་ཚོགས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་རེས་ འཛམ་གླིང་མཐའ་དབུས་ཚུ་ནང་ སྲིད་དོན་གྱི་ ཟིང་འཁྲུག་གུ་ གནམ་གཤིས་ཀྱི་ འགྱུར་བ་ཚབས་ཆེན་ཚུ་ལུ་བརྟེན་ཏེ་ བཀྲེས་སྐོམ་གྱི་ གནས་སྟངས་ལེགས་སྒྱུར་ལུ་ རེ་བ་བསྐྱེད་མ་ཚུགསཔ་སྦེ་ཡོད་ཟེར་ཨིན་པས།
དེ་གི་ནང་ལས་ཡང་ རྒྱལ་ཁབ་ཚུ་གི་ ནང་འཁོད་སྲིད་དོན་དང་ དངུལ་འབྲེལ་གྱི་ ཨེབ་ཤུགས་ཚུ་ལུ་བརྟེན་ཏེ་ རྒྱལ་ཁབ་ཕྱུག་ཤོས་ ལ་ལོ་ཅིག་གིས་ མ་དངུལ་ཟད་འགྲོ་བཏང་ཐངས་ སྒྱུར་བཅོས་འབད་དོ་ཡོདཔ་ད་ དེ་ཡང་ འཛམ་གླིང་སྤྱི་ཚོགས་ནང་ མ་དངུལ་མང་ཤོས་བཙུགས་མི་ ཇར་མ་ནི་གིས་ སྤྱི་ལོ་ ༢༠༢༣ དང་ ༢༠༢༤ གི་བར་ན་ ཌོ་ལར་ས་ཡ་ ༥༠༠ དེ་ཅིག་ མར་ཕབ་འབད་བའི་ཁར་ ད་རུང་ཡང་ ལྷན་རྒྱས་གཞུང་ཚོགས་ལས་ ཌོ་ལར་ཐེར་འབུམ་ ༡ མར་ཕབ་འབད་དགོ་པའི་ གྲོས་འདེབས་བཀོད་ནུག།
འགྲོ་བ་མིའི་དོན་ལུ་ གྲོགས་རམ་འབད་མི་ རྒྱལ་ཁབ་སྦོམ་ཤོས་ཅིག་ ཡུ་ཨེཛ་ཡང་ཨིནམ་ད་ བཙག་འཐུ་གྲུབ་སྟེ་ཡོད་མི་ ཡུ་ཨེཛ་གི་སྲིད་འཛིན་གསརཔ་ ཊམ་གྱི་ ལས་འགུལ་ ༢༠༢༥ ཟེར་མིའི་ནང་ སྲིདབྱུས་མ་འདྲཝ་ཚུ་ ཚུད་དེ་ཡོདཔ་མ་ཚད་ ཁོ་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ འགྲོ་བ་མིའི་ལས་སྡེ་ཚུ་ལུ་ མ་དངུལ་བསྡུ་ལེན་གྱི་ལཱ་ནང་ ཨུ་ཚུགས་བསྐྱེད་དགོཔ་སྦེ་ སླབ་དོ་ཡོདཔ་ལས་ ཡུ་ཨེཛ་ལས་ གྲོགས་རམ་མ་དངུལ་ ཁ་སྐོང་འཐོབ་པའི་ རེ་བ་བསྐྱེདཔ་ཨིན་རུང་ ཊམ་ལུ་རྒྱབ་སྐྱོར་འབད་མི་དང་ ཁོ་གི་གྲོས་དཔོན་སྦེ་ བསྐོ་བཞག་འབད་མི་ཚུ་ལུ་ དྲི་བཀོད་འབདཝ་ད་ ལན་གསལ་ག་ནི་ཡང་ བཤད་མ་བཏུབ་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1436859
Views Today :
Total views : 5000
Who's Online :