རྒྱ་གར་གྱི་ བློན་ཆེན་བགྲེསཔ་ ཌོག་ཊར་མཱན་མོ་ཧཱན་སིང་ དགུང་ལོ་ ༩༢ ཐོག་ལུ་གཤགས་ཡོདཔ།

ཨེན་ཌི་ཊི་ཝི།

སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ རྒྱ་གར་གྱི་ བློན་ཆེན་བགྲེསཔ་ ཌོག་ཊར་མཱན་མོ་ཧཱན་སིང་དེ་ སྐུ་ན་བགྲེས་པའི་སྟབས་ཀྱིས་ དིལླི་ལུ་ཡོད་མི་ ཨཱོལ་ཨིན་ཌི་ཡ་ གསོ་བའི་ཚན་རིག་སྤེལ་ཁང་གི་ སྨན་ཁང་ནང་སྦེ་ གཤགས་ཡོདཔ་ད་ ཁོ་གིས་ རྒྱ་གར་གྱི་བློན་ཆེན་ གནས་ཡུན་ ༢ ཀྱི་རིང་ལུ་མཛད་ནུག།

ཨཱོལ་ཨིན་ཌི་ཡ་ སྨན་ཁང་ནང་ལས་ བཤད་དོ་བཟུམ་འབད་བ་ཅིན་ དགུང་ལོ་ ༩༢ བཞེས་ཏེ་ སྐུ་ན་བགྲེས་པའི་ སྨན་བཅོས་ཐོག་ལུ་ཡོད་མི་ བློན་ཆེན་བགྲེསཔ་ ཌོག་ཊར་མཱན་མོ་ཧཱན་སིང་དེ་ ཁོ་རའི་གཟིམ་ཅུང་ནང་ ཧང་སྟོང་མར་ དྲན་མེད་ཐལ་ཏེ་ སྨན་ཁང་ནང་ བསྐྱལ་བའི་ཤུལ་ལུ་ ཐུགས་དྲནམ་གསོ་ཐབས་ ག་དེ་དྲག་དྲག་འབད་རུང་ སྲོག་སྐྱབས་འབད་མ་ཚུགས་ཟེར་ཨིན་པས།

དེ་ཡང་ འདས་པའི་ཟླ་ངོ་དག་པ་ཅིག་གི་རིང་ལུ་ སྐུ་ཁམས་བདེ་ཏོག་ཏོ་མེད་པར་ བཞུགས་ཡོདཔ་ད་ བློན་ཆེན་བགྲེསཔ་ ཌོག་ཊར་སིང་དེ་ལུ་ གནས་ཚང་དང་ བུམོ་ ༣ ཡོདཔ་ཨིན་པས།

རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ མི་སྡེ་བརྡ་བརྒྱུད་ ཨེགཛ་ཟེར་མིའི་ནང་ རྒྱ་གར་ལུ་ ཁྱད་དུ་འཕགས་པའི་འགོ་ཁྲིདཔ་ ཌོག་ཊར་མཱན་མོ་ཧཱན་སིང་དེ་ གཤགས་སོངཔ་ལས་ གྱོང་རྒུད་དང་ མྱ་ངན་ཕོག་ཡོདཔ་སྦེ་ གསལ་བཀོད་མཛད་ནུག།

ཌོག་ཊར་སིང་དེ་ མི་ཉམ་ཆུང་ཅིག་གི་ གནས་རིམ་ལས་ གུས་བཏུད་རུང་བའི་ དཔལ་འབྱོར་མཁས་མཆོག་ཅིག་ལུ་གྱུར་ཏེ་ གཞུང་གཡོག་ནང་ བློན་ཆེན་གྱི་ གོ་གནས་ཀྱིས་གཙོས་པའི་ གོ་གནས་མ་འདྲཝ་ཚུ་ནང་ ཕྱག་ལཱ་མཛད་ཡོདཔ་ལས་ དཔལ་འབྱོར་གྱི་ བཤུལ་བཞག་སྒྲིང་སྒྲིང་སྦེ་ བཞག་སྟེ་ཡོད་ཟེར་ཨིན་པས།

དེ་མ་ཚད་ སྤྱི་ཚོགས་ནང་ཡང་ དོན་ཡོད་ཅན་གྱི་ བར་འཛུལ་ཚུ་གི་སྒོ་ལས་ མི་སེར་གྱི་ འཚོ་རྟེན་ལེགས་སྒྱུར་ནང་ བརྩོན་ཤུགས་སྦོམ་སྦེ་ར་ བསྐྱེད་གནང་ཡོདཔ་སྦེ་ གསལ་བཀོད་མཛད་ནུག།

དེ་བསྒང་ ཌོག་ཊར་མཱན་མོ་ཧཱན་སིང་དེ་ བློན་ཆེན་སྦེ་ བཞུགས་པའི་སྐབས་ལུ་ བློན་ཆེན་མོ་དི་དེ་ གུ་ཇ་རཱཏ་གི་ གཙོ་འཛིན་བློན་པོ་སྦེ་ བཞུགས་ཏེ་ཡོདཔ་ལས་ དུས་རྒྱུན་ར་ འབྲེལ་བ་འཐབ་ཐོག་ལུ་ གཞུང་སྐྱོང་གི་སྐོར་ལས་ གསུང་གྲོས་ཚུ་ རྒྱ་ཆེ་ཏོག་ཏོ་སྦེ་ གནང་ནི་ཡོད་ཟེར་ཨིན་པས།

ད་རེས་ མྱ་ངན་ཅན་གྱི་ དུས་སྐབས་འདི་ནང་ ཌོག་ཊར་མཱན་མོ་ཧཱན་སིང་གི་ བཟང་ཚང་ཚུ་གིས་མ་དོ་བར་ ཆ་རོགས་དང་ རྒྱབ་སྐྱོར་འབད་མི་ཚུ་གི་སྐོར་ལས་ མནོ་བསམ་བཏངམ་གཏང་ས་ར་ཨིན་ཟེརཡང་བཀོད་ནུག།.

ཀོང་གེ་རེཛ་ སྲིད་དོན་ཚོགས་པའི་ སྤྱི་ཚོགས་ཀྱི་འཐུས་མི་ པི་རི་ཡང་ཀ་ གཱན་དྷི་དང་ ཨམ་སོ་ནི་ཡ་གཱན་དྷི་ ༢ ཡང་ ཌོག་ཊར་མཱན་མོ་ཧཱན་སིང་ སྨན་ཁང་ནང་ བསྐྱལ་ཡོདཔ་སྦེ་ བརྡ་དོན་ཐོབ་མ་ཐག་ཏུ་ སྨན་ཁང་ནང་ ལྷོད་ཡོདཔ་ཨིན་པས། མཱན་མོ་ཧཱན་སིང་གིས་ ཧེ་མ་ བློན་ཆེན་ན་ར་སི་མ་ རའོ་གི་འོག་ལུ་ དངུལ་རྩིས་བློན་པོ་སྦེ་ ཕྱག་ཞུ་ཡོདཔ་ད་ སྤྱི་ལོ་ ༡༩༩༡ ལུ་ རྒྱ་གར་གྱི་ དཔལ་འབྱོར་རྩ་སྟོང་ཐལ་ནིའི་ དུམ་ཁར་ལྷོད་པའི་སྐབས་ལུ་ དཔལ་འབྱོར་བསྐྱར་གསོ་དང་ གཞི་སྒྱུར་འབད་མི་ལུ་བརྟེན་ཏེ་ རྒྱ་གར་རྒྱལ་ཁབ་ཀྱི་ དཔལ་འབྱོར་མདུན་ལམ་ སྒྱུར་བཅོས་བཏང་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།

Please follow and like us: