བཀྲ་ཤིས་ཆོས་རྫོང་ནང་ རྒྱ་གར་གྱི་ བློན་ཆེན་བགྲེསཔ་ གཤགས་མིའི་དོན་ལུ་ དཀར་མེ་སྟོང་མཆོད།

སྤྱི་ཟླ་ ༡༢ པའི་ཚེས་ ༢༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་ཡུམ་ལྷན་རྒྱས་ཚུ་གིས་ རྒྱ་གར་གྱི་ བློན་ཆེན་བགྲེསཔ་ གཤགས་མིའི་དོན་ལུ་ དཀར་མེ་སྟོང་མཆོད་ཕུལ་ཏེ་ ཐུགས་སྨོན་གནང་ནུག།

དེ་ཡང་ བློན་ཆེན་བགྲེསཔ་ ཌོག་ཊར་མཱན་མོ་ཧཱན་སིང་དེ་ སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ གཤགས་ཡོདཔ་ལས་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་གི་ ཀུན་རྭ་ནང་སྦེ་ དམིགས་བསལ་གྱི་ དཀར་མེ་སྟོང་མཆོད་ཕུལ་ཏེ་ སྨོན་ལམ་གནང་ཡོདཔ་ཨིན་པས།

དེ་སྦེ་ སྨོན་ལམ་གནང་སར་ མི་རྗེ་བློན་ཆེན་དང་ འབྲུག་ལུ་ རྒྱ་གར་གཞུང་ཚབ་ དེ་ལས་ འབྲུག་རྒྱལ་གཞུང་དང་ རྒྱ་གར་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་ད་ དམིགས་བསལ་སྨོན་ལམ་དེ་ རྫོང་ཁག་ ༢༠ གི་ནང་ཡང་ འགོ་འདྲེན་འཐབ་ནུག།

དེ་མ་ཚད་ བློན་ཆེན་བགྲེསཔ་ གཤགས་མི་ལུ་ གུས་བཏུད་དང་ རྒྱ་གར་གཞུང་དང་ མི་སེར་ཚུ་དང་གཅིག་ཁར་ གཅིག་སྒྲིལ་ཡོད་པའི་ བརྡ་མཚོན་ལུ་ རྒྱལ་ཁབ་ནང་འཁོད་དང་ ཕྱི་རྒྱལ་ཁག་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ཡིག་ཚང་དང་ དོན་གཅོད་སྐུ་ཚབ་ཡིག་ཚང་ཚུ་ནང་ འབྲུག་གི་རྒྱལ་དར་དེ་ ཕྱེད་ཀར་ཕབ་སྟེ་ འཕྱར་ཡོདཔ་ཨིན་པས།

བློན་ཆེན་བགྲེསཔ་དེ་ འབྲུག་གི་མཛའ་བཤེས་ཅིག་ཨིནམ་ལས་ འབྲུག་ལུ་ ལན་ཐེངས་ ༢ བྱོན་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༠༨ དང་ ༢༠༡༠ ལོར་ བྱོན་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: