
སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བཀོད་ཁྱབ་ཁྲི་འཛིན་ཡང་ཨིན་མི་ མི་དབང་མངའ་བདག་རིན་པོ་མཆོག་གིས་ སྤུ་ན་ཁ་རྫོང་གི་ མ་ཆེན་ལྷ་ཁང་ནང་སྦེ་ སྤྱི་ལོ་ ༢༠༢༤ ལོའི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཁྲིམས་ཨང་ ༡ པ་ གསར་བཏོད་མཛད་གནང་ཡི།
དེ་ཡང་ རྒྱལ་ཡོངས་ཀྱི་ གལ་གནད་ཆེ་བའི་ ཕྱག་ལཱ་ཚུ་གི་དོན་ལུ་ ག་ནི་བ་ བྱིན་རླབས་ཆེ་བའི་ ལྷ་ཁང་འགངས་ཅན་དེ་ནང་ལས་ བྱིན་རླབས་དང་ དངོས་གྲུབ་ཞུ་བའི་ སྔར་ཁྱུན་སྲོལ་བཟང་དང་འཁྲིལ་ཏེ་ མཛད་གནང་ནུག།
སྤྱི་ལོ་ ༢༠༢༤ གི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཁྲིམས་ཨང་ ༡ པའམ་ ཁྲིམས་ལུགས་ལག་ལེན་བཅའ་ཁྲིམས་ ༢༠༢༤ ཅན་མ་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༢ པའི་ཚེས་ ༡༠ ལུ་ གནང་ཡོད་མི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བཀའ་ཁྲིམས་གུ་ གཞི་བརྟེན་མཛད་དེ་ཨིནམ་ད་ འདི་བཟུམ་མའི་ གལ་གནད་ཆེ་བའི་ ཁྲིམས་ལུགས་དེ་གིས་ དམིགས་བསལ་གྱི་ རང་སྐྱོང་ལུང་ཕྱོགས་ནང་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ རང་དབང་དང་ ལྕོགས་གྲུབ་ བཙན་ཐབས་ལུ་ཨིན་པས།
ཁྲིམས་ལུགས་གསརཔ་དེ་ཡང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཚོང་སྡེ་ཐོ་བཀོད་དང་ ལཱ་གཡོག་ ཁྲལ་རིགས་ དེ་ལས་ དངུལ་འབྲེལ་ཞབས་ཏོག་ཚུ་ སྐྱོང་བཞག་གི་དོན་ལས་ སིངྒ་པོར་གྱི་ སྤྱིར་བཏང་ཁྲིམས་ལུགས་དང་ ཨ་བུ་ད་བི་རྒྱལ་སྤྱིའི་ ཚོང་ལམ་གྱི་ སྒྲིག་གཞི་ཚུ་ མཐུན་སྒྲིག་མཛད་དེ་ བཟོ་གནང་ནུག།
ཁྲིམས་ལུགས་སྒྲིག་བཀོད་དེ་གིས་ ཚོང་ལཱ་ཚུ་དང་ ལུང་ཕྱོགས་ནང་ ལག་ལེན་གྱི་ གོ་སྐབས་འཚོལ་མི་ ངོ་རྐྱང་ཚུ་གི་དོན་ལུ་ འཇོན་སྟབས་ཅན་གྱི་ ཁྲིམས་དོན་བྱ་སྒོ་ཚུ་ ངེས་གཏན་བཟོཝ་ཨིན་པས།
མི་དབང་མངའ་ཞབས་མཆོག་གིས་ སྤྱི་ལོ་ ༢༠༢༤ གི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཁྲིམས་ཨང་ ༡ པ་ གསར་བཏོད་མཛད་གནང་པའི་ མཛད་སྒོ་རྟེན་འབྲེལ་ནང་ མི་རྗེ་བློན་ཆེན་དང་ ཁྲིམས་སྤྱི་བློན་པོ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན་ རྩིས་ཞིབ་ཡོངས་ཁྱབ་ དེ་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་གཙོ་འཛིན་ དྲག་ཤོས་ཌོག་ཊར་བློ་གྲོས་ཚེ་རིང་དང་ བཀོད་ཁྱབ་འཐུས་མི་ དྲག་ཤོས་ཨ་རཱུན་ཀ་པུར་ དགེ་ལེགས་ཕུག་ མ་རྩ་གཞི་བཙུགས་གོང་འཕེལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཨུཇ་ཝཱལ་ད་ཧཱལ་ གཞན་ཡང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ གྲལ་གཏོགས་མཛད་ཡོད་པའི་གནས་ཚུལ།





Users Today : 385
Users Yesterday : 1422
This Month : 15556
This Year : 179240
Total Users : 537217
Views Today : 593
Total views : 1693472
Who's Online : 10