ཐིམ་ཕུའི་དུར་ཁྲོད་དེ་ ཧེ་འཇོ་ལས་ ཧོང་ཚོ་ལུ་ སྤོ་བཤུད་འབད་ནི།

ཐིམ་ཕུའི་བཟོ་བཀོད་འཆར་གཞི་དང་འཁྲིལ་ཏེ་ ཧེ་འཇོ་ལུ་ཡོད་མི་ དུར་ཁྲོད་དེ་ ཧོང་ཚོ་ལུ་ སྤོ་བཤུད་འབད་ནི་སྦེ་ གྲོས་ཆོད་བྱུང་ཡོད་པའི་སྐོར་ལས་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་བློན་པོ་གིས་ གསུངསམ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༢༧ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ བརྡ་བརྒྱུདཔ་ཚུ་གི་བར་ གནས་ཚུལ་ཞལ་འཛོམས་ ཐེངས་ ༡༣ པ་ ཚོགས་པའི་སྐབས་ལུ་ གསལ་བཤད་གནང་ཡི།
ཧོང་ཚོ་ལུ་ དུར་ཁྲོད་དེ་ ས་ཆ་ཨེ་ཀར་ ༤༦ དེ་ཅིག་གི་ནང་ ཉེར་མཁོའི་མཐུན་རྐྱེན་ཚུ་ ཚང་འགྲིགས་སྦེ་ གཞི་བཙུགས་འབད་ནི་ཨིན་རུང་ ས་ཁོངས་དེ་ནང་ ས་ཆ་ཨེ་ཀར་ ༡༠ དེ་ཅིག་ སྒེར་གྱི་ས་ཆ་ཚུ་ ཚུད་དོ་ཡོདཔ་ལས་ ཁོང་དང་གཅིག་ཁར་ བདེ་སྒྲིག་འབད་དགོཔ་ཡོད་ཟེར་ཨིན་པས།
མེ་སྦྱང་སྐབས་ལུ་ རྒྱུ་དངོས་ལེ་ཤ་ཅིག་ གྲ་སྒྲིག་འབད་དགོ་པ་ལུ་བརྟེན་ཏེ་ འཆར་གཞི་ཚུ་ ཧེ་མ་ལས་ ལེགས་ཤོམ་སྦེ་ བརྩམས་ཏེ་འབད་རུང་ རེ་ཚེ་སྐབས་ བརྗེད་འགྱོཝ་ལས་ ས་ཁོངས་དེ་ནང་ར་ ཚོང་ཁང་ལ་སོགས་པ་ཚུ་ གཞི་བཙུགས་ཐོག་ལས་ ཉེར་མཁོའི་རིགས་ འཇམ་ཏོང་ཏོ་སྦེ་ འཐོབ་ནི་ཡོདཔ་ བཟོ་དགོཔ་དེ་ཡང་ གལ་ཆེ་ཟེར་གསུངས་ཡི།
དུར་ཁྲོད་དེ་ ཧོང་ཚོ་ལུ་ སྤོ་བཤུད་འབདཝ་ད་ མི་མང་ལུ་ སྐྱེལ་འདྲེན་ལ་སོགས་པའི་ དཀའ་ངལ་དང་ དོན་མེད་ཀྱི་ འགན་ཁུར་ཚུ་ ལྕི་དྲགས་སྦེ་ ཕོག་ནི་ཨིན་རུང་ ཐིམ་ཕུའི་བཟོ་བཀོད་འཆར་གཞི་དང་འཁྲིལཝ་ད་ བྱ་ཐབས་ར་མེད་པར་ སྤོ་བཤུད་འབད་དགོཔ་ འཐོནམ་ཨིན་པས་ཟེར་ གསུངས་ཡོད་པའི་གནས་ཚུལ།

Please follow and like us: