
སྤྱི་ཟླ་ ༡ པའི་ཚེས་ ༧ ལུ་ སྐུ༌མགྲོན༌གཙོ༌བོ༌མི་དབང་རྒྱལ་སྲསམོ་ ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་མཆོག༌དབུ༌བཞུགས༌ཐོག༌ལུ༌འབྲུག་རྒྱལ་འཛིན་ཉེན་སྲུང་ལས་འཛིན་གྱིས་ འབྲུག་རྒྱལ་ཁབ་ནང་ ཚེ་སྲོག་དང་ རྒྱུ་དངོས་ཚུ་ ཉམས་སྲུང་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དེ་ ལོ་ངོ་ ༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ཡི།
དེ་བསྒང་ འབྲུག་རྒྱལ་འཛིན་ཉེན་སྲུང་ལས་འཛིན་གྱི༌ཁ༌ཐུག༌ལས་ རྒྱལ་ཁབ་ནང་ ཉེན་སྐྱོབ་ཀྱི༌ཞབས་ཏོག་ཚུ་ ཡར་དྲགས་གཏང་ཐབས༌ལུ༌དང་ གློ་བུར་གྱི་ གནས་སྟངས་ནང་ མིའི་ཚེ་སྲོག་དང་ རྒྱུ་དངོས་ཚུ་ ཉེན་སྲུང་གི༌དོན༌ལས་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ མེ་བསད་སྣུམ་འཁོར་ཆེ༌ཆུང༌ ༢ བྱིན་མི་དེ་གིས་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིན་པས།
འབྲུག་རྒྱལ་འཛིན་ཉེན་སྲུང་ལས་འཛིན་དེ་ སྤྱི་ལོ་ ༡༩༧༥ སྤྱི༌ཟླ་ ༡ པའི་ཚེས་ ༧ ལུ་ མི་དབང་འབྲུག་རྒྱལ་བཞི༌པ༌མཆོག༌གི་ བཀའ་ཁྲིམས་འོག་ལུ་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་ནངས༌པར༌ དངུལ་འབྲེལ་དང་ ཉེན་བཅོལ་ལས་སྡེའི་ནང་ བརྟན༌གཞི་བཟུམ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
དེ༌ཡང༌བཀོད༌ཚོགས༌ཀྱི༌ ཁྲི་འཛིན་དང་པ་མི་དབང་རྒྱལ་སྲསམོ་ བསོད་ནམས་ཆོས༌སྒྲོན༌དབང་ཕྱུག་མཆོག་གི་ དབུ་ཁྲིད་འོག་ལུ་ མདོ་ཆེན་དང་པ་སྦེ་ དྲགོས་ཨོ་རྒྱན་རྡོ་རྗེ་གིས་ གཞི་བཙུགས་མཛད་ནུག།
དུས་སྟོན་ལས་རིམ་སྐབས་ལུ་ འབྲུག་རྒྱལ་འཛིན་ཉེན་སྲུང་ལས་འཛིན་གྱི༌བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཀརྨ་གིས་ ཉེན་བཅོལ་གྱི་ གྲུབ་འབྲས་སྐོར་ལས་ གསལ་བཤད་ཞུ་མིའི་ནང་ སྤྱི་ལོ་ ༢༠༢༤ ལུ་ ཉེན་བཅོལ་གྱི་དོན་ལས་ དངུལ་ཀྲམ་ཐེར་འབུམ་ ༧༦ དང་ སྤྱིར་བཏང་ཉེན་བཅོལ་གྱི་དོན་ལས་ དངུལ་ཀྲམ་ཐེར་འབུམ་ ༤.༥ དེ་ཅིག་ བྱིན་ཡི་ཟེར་ཨིན་པས།
ཉེན་སྲུང་ལས་འཛིན་གྱི་ ཞབས་ཏོག་གཙོ་བོ་ཚུ་ཡང་ སྤྱིར་བཏང་ཉེན་བཅོལ་དང་ ཚེ་སྲོག་ཉེན་བཅོལ་ ཉེན་སྲུང་དང་ བར་ཚོང་ཉེན་བཅོལ་ སྐྱིན་འགྲུལ་དང་ མ་རྩ་གཞི་བཙུགས་ དེ་ལས་ ཉེན་བཅོལ་བསྐྱར་གསོ་ཚུ་ཨིནམ་སྦེ་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ གསལ་བཤད་ཞུ་ཡི།
སྤྱི་ལོ་ ༢༠༢༣ ལོར་ འབྲུག་རྒྱལ་འཛིན་ཉེན་སྲུང་ལས་འཛིན་གྱིས་ གཞུང་ལུ་ འོང་འབབ་ཀྱི་ ཁྲལ་བཏབ་པའི་ཤུལ་ལས་ དངུལ་ཀྲམ་ཐེར་འབུམ་ ༡.༢ འབབ་ཁུངས་བཟོ་མི་དེ་ ལས་བྱེདཔ་རེ་གིས་ དངུལ་ཀྲམ་ས་ཡ་ ༢.༩ དེ་རེ་ བཟོ་ཡོདཔ་སྦེ་ བཤདཔ་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1439544
Views Today :
Total views : 5000
Who's Online :