རྒྱ་གར་གྱི་མངའ་སྡེ་ མཧཱ་རཱཤ་ཏ་ར་ལུ་ རེལ་ལི་ཐུག་རྐྱེན་ནང་ མི་གྲངས་ ༡༣ དེ་ཅིག་ལུ་ ཤི་རྐྱེན་དང་ ༥ ལུ་རྨ་སྐྱོན།

བི་བི་སི།
སྤྱི་ཟླ་ ༡ པའི་ཚེས་ ༢༢ ལུ་ རེལ་ལིའི་ནང་ མེ་འབར་ཡོད་པའི་ འཐོར་གཏམ་བྱུང་པའི་ཤུལ་ལས་ རེལ་ལི་གཞན་ཅིག་གིས་ བརྡུངས་བྱིན་ཡོདཔ་ལས་ མི་གྲངས་ ༡༣ དེ་ཅིག་ལུ་ ཤི་རྐྱེན་དང་ ༥ ལུ་ རྨ་སྐྱོན་བྱུང་ནུག།
དེ་ཡང་ རེལ་ལིའི་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་གར་གྱི་ ནུབ་ཕྱོགས་མངའ་སྡེ་ མཧཱ་རཱཤ་ཏ་ར་ལུ་ རེལ་ལིའི་ནང་ལས་ ཕྱི་ཁར་ཐོན་མི་ཅིག་གིས་ གློ་བུར་ཉེན་བརྡའི་ཐགཔ་ འཐེན་བཏང་པ་ལུ་བརྟེན་ཏེ་ རེལ་ལི་དེ་ བཀག་དགོཔ་བྱུང་པའི་སྐབས་ལུ་ བརྡུངས་བྱིན་ནུག་ཟེར་ཨིན་པས།
མ་གཞི་ རྒྱ་གར་ལུ་ འདས་པའི་ལོ་ཚུ་ནང་ རེལ་ལིའི་ལམ་ཚུ་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༣༠ དེ་ཅིག་ ཟད་འགྲོ་བཏང་སྟེ་ དེང་སང་གི་ ལམ་ལུགས་ཐོག་ལུ་ བཟོ་བསྐྲུན་འབད་ཡོད་རུང་ སྤྱི་ལོ་ ༢༠༢༣ ལོར་ ཨོ་དི་ཤ་མངའ་སྡེའི་ནང་ རེལ་ལི་ ༣ ལུ་ ཐུག་རྐྱེན་བྱུང་སྟེ་ མི་གྲངས་ ༣༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
མཧཱ་རཱཤ་ཏ་ར་མངའ་སྡེ་ གཙོ་འཛིན་བློན་པོ་ དེ་ཝེན་ད་ར་ ཕཱད་ན་ཝིཛ་གིས་ རྒྱ་གར་གྱི་ དངུལ་འབྲེལ་ལྟེ་བ་ མུམ་བཱ་ཡེ་ལས་ ཀི་ལོ་མི་ཊར་ ༤༠༠ དེ་ཅིག་གི་ས་ཁར་ ཇཱལ་གཱོན་རྫོང་ཁག་ནང་ ས་གནས་པ་ཅོ་ར་ཟེར་སར་ དེ་བཟུམ་མའི་ རྐྱེན་ངན་བྱུང་མི་ལུ་ སེམས་ཕམ་སྦོམ་ བྱུང་ཡི་ཟེར་ཨིན་པས།
གཙོ་འཛིན་བློན་པོ་གིས་ རྐྱེན་ངན་དེ་གི་དོན་ལས་ སྨན་ཁང་ཚུ་ནང་ ནདཔ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ ༨ དེ་ཅིག་ཡང་ བཏང་ཡོདཔ་སྦེ་ གསལ་བཤད་འབད་ནུག།
རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ རེལ་ལིའི་ལམ་ཚུ་ དཔལ་འབྱོར་དང་ མཐུད་འབྲེལ་ཡར་དྲག་གཏང་ཐབས་ལུ་ དེང་སང་གི་ ལམ་ལུགས་དང་མཐུནམ་སྦེ་ བཟོ་སྐྲུན་འབད་ཡོད་ལུགས་དང་ ལས་རིམ་དེ་གི་དོན་ལས་ ཤུལ་མའི་འཆར་དངུལ་དེ་ ཡར་སེང་འབད་ནི་གི་ འཆར་གཞི་ཡོད་ལུགས་ཚུ་ཡང་ གསུངས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: