
རང་ཟླ་ ༡༢ པའི་ཚེས་ ༡ ལུ་ སྔར་སྲོལ་འབུལ་བའི་ ལོ་གསར་དང་འབྲེལ་ཏེ་ རྒྱལ་ཁབ་ནང་འཁོད་ཀྱི་ གཞུང་གྲྭ་ཚང་གེ་རའི་ནང་ ལོ་བསྟར་བཞིན་དུ་ སྐུ་དྲུང་ཚུ་ གསར་བསྐོས་གནང་སྲོལ་ཡོདཔ་ཨིན་པས།
དེ་འབདཝ་ལས་ སྤུངས་ཐང་བདེ་ཆེན་ཕོ་བྲང་ནང་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ སྤུངས་ཐིམ་གཞུང་གྲྭ་ཚང་ལྟེ་བའི་ནང་ ཆོས་ཁྲིམས་རྣམ་གསུམ་ཟེར་ སྐུ་དྲུང་ ༣ གསར་བསྐོས་ཐོག་ལུ་ བཀྲིས་ཁ་དར་གནང་ནུག།
དེ་ཡང་ སྤུ་ན་ཁ་ཆ་འོག་ སྟོདཔ་བོད་སྒར་ནང་ལས་ སྐྱེས་ལོ་ ༣༩ བཞེས་མི་ སློབ་དཔོན་ཀུན་དགའ་ཚེ་རིང་དེ་ སྐུ་དྲུང་ཚོགས་ཆེན་གསརཔ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ གོ་གནས་འདི་ མ་བཞེས་པའི་ཧེ་མར་ གཞུང་གྲྭ་ཚང་ལྟེ་བའི་ གཏོར་མའི་སློབ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
ཁོ་གིས་ དགུང་ལོ་ ༡༢ ལས་ སྤུངས་ཐིམ་གྲྭ་ཚང་ནང་ འཛུལ་ཞུགས་མཛད་དེ་ གཏོར་མའི་སྡེ་ཚན་ནང་ ཕྱག་ཕྱིད་ཞུ་ཐོག་ལས་ རང་ལུགས་དཔལ་ལྡན་འབྲུག་པའི་ བུ་ཆོས་གར་ཐིག་དབྱངས་གསུམ་ལུ་ སློབ་སྦྱོང་མཐར་ཕྱིན་མཛད་པའི་ཤུལ་ལས་ སྐྱབས་རྗེ་རིན་པོ་ཆེ་མཆོག་དང་ སྐྱབས་རྗེ་ཞིང་གཤེགས་ བསྟན་འཛིན་དོན་གྲུབ་མཆོག་ དེ་ལས་ རྡོར་སློབ་ཀུན་ལེགས་ཚུ་གི་ཞབས་ལས་ དབང་ལུང་ཁྲིད་གསུམ་གྱི་ གདམས་ངག་ཚུ་ཞུ་སྟེ་ ཕྱག་ཆེན་སྔོན་འགྲོ་དང་ བླ་སྒྲུབ་ཚུ་ཡང་ ལྕགས་རི་སྒྲུབ་སྡེའི་ནང་གནང་ནུག།
དབང་འདུས་རྫོང་ཁག་ ཤར་ངག་དབང་ལས་ སློབ་དཔོན་དབང་ཕྱུག་རྡོ་རྗེ་དེ་ སྐུ་དྲུང་ཤར་སྦེ་ གསར་བསྐོས་གནང་ཡོདཔ་ད་ ཁོ་གིས་ དགུང་ལོ་ ༦ ལས་ སྤུངས་ཐིམ་གྲྭ་ཚང་ནང་ འཛུལ་ཞུགས་མཛད་དེ་ སྐྱབས་རྗེ་དགེ་འདུན་རིན་ཆེན་ཞབས་ལས་ རབ་བྱུང་གི་སྡོམ་པ་ཞུ་སྟེ་ དབྱར་བཞུགས་སློབ་གྲྭའི་ནང་ གར་ཐིག་དབྱངས་གསུམ་ལུ་སློབ་སྦྱོང་མཛད་པའི་ཤུལ་ལས་ གཞུང་སྦུག་གྲལ་ནང་ ཕྱག་ཞུ་ཡོདཔ་ཨིན་པས།
དེ་ལས་ སྤུངས་ཐང་ལེགས་བཤད་འབྱུང་གནས་བཤད་གྲྭའི་ནང་ སྒྲ་སློབ་ཞིང་བཤེགས་ ཀུན་ལེགས་རྒྱལ་མཚན་ལས་ གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ་ ཞུ་བའི་ཤུལ་ལས་ སྤྱི་གཞི་བསམ་གཏན་ཆོས་གླིང་ལུ་ རྡོར་སློབ་མཆོག་ལས་ ཕྱག་ཆེན་ཆོས་དྲུག་ཚུ་ཞུ་སྟེ་ ཉམས་ལེན་མཛད་ཡོདཔ་ད་ གོ་གནས་འདི་ མ་བཞེས་པའི་ཧེ་མར་ འཆམ་གྱི་སློབ་དཔོན་སྦེ་ ཕྱག་ཕྱིད་ཞུ་ནུག།
སྤ་རོ་ལས་ཨིན་མི་ སློབ་དཔོན་ཕུབ་ཚེ་རིང་དེ་ སྐུ་དྲུང་སྤ་རོཔ་སྦེ་ གསར་བསྐོས་གནང་ཡོདཔ་ད་ ཁོ་གིས་ སྐྱེས་ལོ་ ༡༡ ལས་ སྤུངས་ཐིམ་གྲྭ་ཚང་ནང་ འཛུལ་ཞུགས་མཛད་དེ་ གར་ཐིག་དབྱངས་གསུམ་ལུ་ སྦྱང་བརྩོན་མཛད་ཡོདཔ་ཨིན་པས།
དེ་ལས་ ལེགས་བཤད་འབྱུང་གནས་བཤད་གྲྭའི་ནང་ སྒྲ་སློབ་ཞིང་བཤེགས་ ཀུན་ལེགས་རྒྱལ་མཚན་མཆོག་ལས་ རིག་གཞུང་ཚུ་ལུ་ སྦྱངས་བརྩོན་མཛད་པའི་ཤུལ་ལས་ སྐྱབས་རྗེ་ཞིང་བཤེགས་དང་ རྡོར་སློབ་རིན་པོ་ཆེ་ སྒྲུབ་དབང་སྐར་མ་འགྱུར་མེད་ཚུ་ལས་ བསྐྱེད་རིམ་ལྷ་དགུ་དང་ ནཱ་རོ་ཆོས་དྲུག་ཚུ་ ཞུ་ཡོདཔ་ད་ གོ་གནས་འདི་ མ་བཞེས་པའི་ཧེ་མར་ གཞུང་སྦུག་གྲལ་ནང་ ལྷུང་འཛིན་པའི་ གོ་གནས་ཁར་ ཕྱག་ཞུ་ཡོད་པའི་གནས་ཚུལ།





Users Today : 1454
Users Yesterday : 1364
This Month : 1454
This Year : 181357
Total Users : 893173
Views Today : 2348
Total views : 2625649
Who's Online : 7