མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་ཨུ་ཏར་པར་དེཤ་ལུ་ ཆོས་འབྲེལ་དུས་སྟོན་ནང་ཆིབས་བསྐྱོད།

སྤྱི་ཟླ་ ༢ པའི་ཚེས་ ༣ དང་ ༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་གྱི་མངའ་སྡེ་ ཨུ་ཏར་པར་དེཤ་གི་ གཙོ་འཛིན་བློན་པོ་ ཡོ་གི་ཨ་དི་ཏི་ཡ་ནཐ་གིས་ ཕྱག་ཞུ་སྟེ་ ཆུ་མོ་གངྒ་དང་ ཡ་མུ་ན་ ས་ར་སྭ་སྟི་ ༣ འཛོམས་ས་ ཏི་རི་ཝེ་ནི་ སང་གམ་ཟེར་སར་ འགོ་འདྲེན་འཐབ་མི་ ཆོས་འབྲེལ་དུས་སྟོན་ མཧཱ་ཀུམ་མེ་ལའི་ནང་ གྲལ་གཏོགས་མཛད་གནང་ནུག།
མཧཱ་ཀུམ་མེ་ལ་དེ་ ལོ་ངོ་ ༡༢ རེའི་བར་ན་ཚར་རེ་ བརྩི་སྲོལ་ཡོདཔ་ད་ དེ་ཡང་ འཛམ་གླིང་ནང་ ཆོས་འབྲེལ་དུས་སྟོན་སྦོམ་ཤོས་ཅིག་ཨིནམ་ལས་ གྲལ་གཏོགས་འབད་མི་ས་ཡ་ལས་བཅད་དེ་ སྤུངས་འཛོམས་འབད་དོ་ཡོད་པའི་ནང་ལས་ དུས་ཅི་གི་ མཧཱ་ཀུམ་མེ་ལ་དེ་ ལོ་ངོ་ ༡༤༤ གི་ནང་ ག་ནི་བ་ དཀོན་དྲགས་ཨིན་མི་ སྐར་ཚོགས་གྱལ་ཐིགས་གཅིག་ཁར་ཕོག་པའི་ ལོ་འབད་བ་ལུ་བརྟེན་ཏེ་ དམིགས་བསལ་གྱིས་ གལ་གནད་ཆེ་ཤོས་ཅིག་སྦེ་ བརྩི་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དུས་སྟོན་དེ་ཁར་ བྱོན་དགོ་པའི་ མགྲོན་བརྡ་ཕུལཝ་བཞིན་དུ་ ཆིབས་བསྐྱོད་གནང་སྟེ་ གལ་གནད་ཅན་གྱི་ ཆོས་འབྲེལ་དུས་སྟོན་སྦོམ་ཤོས་དང་ དཀོན་དྲགས་ཅིག་ཨིན་མིའི་ནང་ གྲལ་གཏོགས་མཛད་གནང་ནུག།
སྤྱི་ཟླ་ ༢ པའི་ཚེས་ ༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཨུ་ཏར་པར་དེཤ་ ལག་ནའོ་རྒྱལ་སྤྱི་གནམ་ཐང་ནང་ ཕེབས་པའི་སྐབས་ལུ་ ཨུ་ཏར་པར་དེཤ་མངའ་སྡེའི་ གཙོ་འཛིན་བློན་པོ་ ཡོ་གི་ ཨ་དི་ཏི་ཡ་ནཱཐ་གིས་ ཕེབས་བསུ་ཞུ་བའི་ཤུལ་ལས་ མི་དབང་མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་ད་ དེ་ཚེ་ཕྱི་རུ་ ཨུ་ཏར་པར་དེཤ་གི་སྤྱི་འཛིན་ ཨམ་ཨ་ནཱན་དི་བེན་ པ་ཊེལ་གྱིས་ མི་དབང་མཆོག་གི་དོན་ལས་ ཚོགས་སྟོན་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དེ་མ་ཚད་ མི་དབང་མངའ་ཞབས་མཆོག་གིས་ ཞིག་རལ་དང་བྲལ་བའི་ བྱིན་རླབས་ཅན་གྱི་ བེ་ནི་ཡཱན་ཤིང་ ཨག་ཤི་ཡ་ཝ་ཏ་དང་ ཚོགས་བདག་གླང་པོའི་ ལྷ་ཁང་ནང་ཡང་ ཆིབས་སྐྱོད་གནང་སྟེ་ ཐུགས་སྨོན་ཚུ་གནང་ནུག།
མི་དབང་མཆོག་གིས་ བློན་ཆེན་མོ་དི་དང་ རྒྱ་གཞུང་ དེ་ལས་ ཨུ་ཏར་པར་དེཤ་གི་ གཙོ་འཛིན་བློན་པོ་ཚུ་གིས་ ལག་ནའོ་དང་ པར་ཡག་རཱཇ་ལུ་ གཟིགས་སྐོར་གྱི་དོན་ལས་ དམིགས་བསལ་གྱི་ བཅའ་སྒྲིག་དང་ ཕེབས་བསུ་ཞུ་མི་ལུ་ བཀྲིན་ལེགས་སོ་ཡོད་ལུགས་ གསུངས་གནང་ཡོདཔ་ཨིན་པས།
དེ་ཡང་ ཧིན་དུ་དང་ ནང་པའི་ཆོས་ལུགས་ ༢ ཀྱི་བར་ན་ འབྲེལ་བ་གཏིང་ཟབ་ཡོདཔ་ལས་ མི་དབང་མངའ་ཞབས་མཆོག་གིས་ མཧཱ་ཀུམ་མེ་ལའི་ནང་ གྲལ་གཏོགས་མཛད་གནང་མི་དེ་ ག་ནི་བ་ གལ་གནད་ཆེ་བའི་ རྟགས་མཚན་བཟང་པོ་ཅིག་ཨིནམ་ད་ གཟིགས་སྐོར་དེ་གིས་ རྒྱལ་རབས་ཅན་གྱི་ རྒྱ་འབྲུག་ ༢ ཀྱི་ མཐུན་འབྲེལ་ལུ་ སྔར་བ་ལྷག་པའི་ བཙན་ཐབས་བྱུང་ཡོད་པའི་གནས་ཚུལ།

Please follow and like us: