བྱང་ཀོ་རི་ཡ་གིས་ རྒྱལ་ཁབ་ ༢ ཀྱི་ ས་མཚམས་ཁར་ཡོད་མི་ བཟའ་ཚང་ཕྱད་སའི་ མཐུན་རྐྱེན་ཚུ་ བརྡལ་གཏང་དོ་ཡོདཔ།

རོའི་ཊརཛ།
སྤྱི་ཟླ་ ༢ པའི་ཚེས་ ༡༣ ལུ་ ལྷོ་ཀོ་རི་ཡ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བྱང་ཀོ་རི་ཡའི་ ས་མཚམས་ཁར་ གངས་རི་ཀུམ་སྒང་ཟེར་སར་ཡོད་མི་ ཧེ་མར་ ལྷོ་བྱང་ཀོ་རི་ཡ་ ༢ ཀྱི་ ཕྱད་མདའི་སྐབས་ལུ་ ཁ་ཕྱལ་བཏང་མི་ བཟའ་ཚང་ཚུ་ཕྱད་སའི་ མཐུན་རྐྱེན་ཚུ་ བརྡལ་བཏང་དོ་ཟེར་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ ༢ ཀྱི་བར་ནའི་ མཐུན་ལམ་དེ་ སྐྱོ་སུ་ཐལ་བའི་ རྟགས་མཚན་ཅིག་ཨིནམ་སྦེ་བཀོད་ནུག།
རྒྱལ་ཁབ་ ༢ ཀྱི་བར་ན་ ལས་དོན་ཚུ་གི་ འགན་ཁུར་འཁྲི་མི་ ལྷོ་ཀོ་རི་ཡའི་ གཅིག་སྒྲིལ་ལྷན་ཁག་གིས་ བརྗོད་དོན་ཅིག་གི་ཐོག་ལས་ བྱང་ཀོ་རི་ཡ་གིས་ མཐུན་རྐྱེན་དེ་ཚུ་ བརྡལ་ནི་གི་ལཱ་དེ་ དེ་འཕྲལ་ལས་ མཚམས་འཇོག་འབད་དགོ་པའི་ ནན་སྐུལ་འབད་ཡོདཔ་ཨིན་པས།
ལྷན་ཁག་དེ་གིས་ དེ་སྦེ་ མཐུན་རྐྱེན་ཚུ་ བརྡལ་བཏང་མི་དེ་ འགྲོ་བ་མིའི་ཐོབ་དབང་ལས་ འགལ་བ་ཨིནམ་མ་ཚད་ ཁ་ཕྱལ་བཏང་མི་ བཟའ་ཚང་ཚུ་གི་ རེ་འདོད་ལུ་ཡང་ གནོད་པ་འབྱུང་ནི་ཨིནམ་ལས་ རྒྱལ་སྤྱིའི་མི་སྡེ་ཚུ་དང་ མཉམ་འབྲེལ་ཐོག་ལས་ ངན་ལན་འཇལ་ནི་ཨིནམ་སྦེ་བཤད་ནུག།
བར་སྐབས་ཅིག་ཁར་ བྱང་ཀོ་རི་ཡ་གིས་ ལྷོ་ཀོ་རི་ཡ་དེ་ སྡང་དགྲ་ཅན་གྱི་ རྒྱལ་ཁབ་སྦེ་ ངོས་འཛིན་འབད་དེ་ཡོདཔ་ད་ ན་ཧིང་འབད་བ་ཅིན་ བྱང་ཀོ་རི་ཡ་གིས་ ས་མཚམས་ཁར་ཡོད་མི་ འཁོར་ལམ་ཚུ་ མེདཔ་བཏང་སྟེ་ ས་སྲུང་དམག་མི་ཚུ་ བཙུགས་མི་དང་ དུས་མཉམ་སྦེ་ ལྷོ་ཀོ་རི་ཡའི་ ཁ་ཐུག་ལས་ཡང་ དྲག་དམག་གིས་ ཀྲོབ་མདའ་ཚུ་ རྐྱབ་དགོཔ་བྱུང་ཡོདཔ་ཨིན་པས།.
སྤྱི་ལོ་ ༢༠༢༣ ལུ་ བྱང་ཀོ་རི་ཡ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ གདོང་ཐུག་ཚུ་ བཀག་ཐབས་ལུ་ སྤྱི་ལོ་ ༢༠༡༨ ལོར་ བཟོ་ཡོད་མི་ ཆིངས་ཡིག་དེ་ ཆ་མེད་བཏང་ཡོདཔ་ལས་ ལྷོ་ཀོ་རི་ཡ་གིས་ཡང་ ཆིངས་ཡིག་དེ་ ཆ་མེད་བཏང་དགོཔ་ཐོན་ནུག།
ཨིན་རུང་ བྱང་ཀོ་རི་ཡ་གིས་ ས་མཚམས་ཚུ་ སྒོ་བསྡམས་བཞག་སྟེ་ ལོ་ ༥ ལྷགཔ་ཅིག་ འགྱོ་བའི་ཤུལ་ལས་ འཕྲལ་ཁམས་ཅིག་ཁར་ ཕྱི་མི་ཚུ་ ཁོང་གི་རྒྱལ་ཁབ་ནང་ འོང་ཆོགཔ་བཟོ་ནི་ལུ་ གྲ་འགྲིག་ཡོདཔ་བཟུམ་ཅིག་འདུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: