རྒྱལ་ཁབ་ནང་ འདས་པའི་ལོ་ངོ་བཅུ་ཕྲག་གི་ ནང་འཁོད་ལུ་ ཞི་གཡོགཔ་བརྒྱ་ཆ་ ༡༢.༩༣ དེ་ཅིག་ཡར་སེང་།

འཇམ་དབྱངས་ཆོས་སྒྲོན།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྤྱི་ལོ་ ༢༠༢༤ ལོའི་ འབྲུག་གི་ཞི་གཡོག་གནས་སྡུད་ཅིག་ བཟོ་བསྒྲིགས་འབད་ཡོདཔ་ད་ གནས་སྡུད་དེ་ནང་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ཚེས་ ༣༡ ལུ་ ཞི་གཡོགཔ་གི་གྲངས་འབོར་དང་ ཞི་གཡོགཔ་གསར་བཙུགས་ ཞི་གཡོགཔ་བགོ་སྤྲོད་ དེ་ལས་ ཞི་གཡོག་གི་དབྱེ་བ་ཚུ་ ཡོངས་རྫོགས་ཚུད་དེ་ཡོད་པའི་ཁར་ འདས་པའི་ལོ་ངོ་ ༥ གི་ ནང་འཁོད་ལུ་ རྫོང་ཁག་དང་ ཁྲོམ་སྡེ་ཚུ་ནང་ ཞི་གཡོགཔ་ཚུ་གི་ གནས་སྟངས་ཚུ་ཡང་ གསལ་བཀོད་འབད་ནུག།
དེ་ཡང་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ཚེས་ ༣༡ ཚུན་ལུ་ འབྲུག་གི་ཞི་གཡོགཔ་བསྡོམས་ ༢༩,༧༢༣ ཡོད་པའི་གྲས་ཁར་ གཏན་འཇགས་ཀྱི་ ཞི་གཡོགཔ་ ༢༤,༠༣༦ དང་ ཁག་འབག་ཐོག་གི་ ཞི་གཡོགཔ་ ༥,༦༨༧ ཡོདཔ་ད་ འདས་པའི་ལོ་ངོ་བཅུ་ཕྲག་གི་ ནང་འཁོད་ལུ་ ཞི་གཡོག་བརྒྱ་ཆ་ ༡༢.༩༣ དེ་ཅིག་ ཡར་སེང་སོང་ཡོད་མི་དེ་ཡང་ སྤྱི་ལོ་ ༢༠༢༣ ལུ་ བརྒྱ་ཆ་ ༤.༦ ཨིན་པས།
རྫོང་ཁག་དང་ ཁྲོམ་སྡེ་ཚུ་ནང་ འདས་པའི་ལོ་ངོ་ ༥ གི་ ནང་འཁོད་ལུ་ ཞི་གཡོགཔ་དཔྱ་སྙོམས་ལུ་ བརྒྱ་ཆ་ ༥༥.༢༣ གུ་ གནས་ཡོདཔ་ད་ སྤྱི་ལོ་ ༢༠༢༠ ལུ་ ཞི་གཡོགཔ་གྲངས་འབོར་ བརྒྱ་ཆ་ ༥༩.༦༨ འབད་ས་ལས་ སྤྱི་ལོ་ ༢༠༢༡ ལུ་ བརྒྱ་ཆ་ ༦༠.༧༡ དང་ སྤྱི་ལོ་ ༢༠༢༢ ལུ་ བརྒྱ་ཆ་ ༦༡.༨༩ ལུ་ ཡར་སེང་སོང་ཡོད་རུང་ སྤྱི་ལོ་ ༢༠༢༣ ལུ་ བརྒྱ་ཆ་ ༥༤.༦༤ དང་ སྤྱི་ལོ་ ༢༠༢༤ ལུ་ བརྒྱ་ཆ་ ༥༤.༢༢ ལུ་ མར་བབས་སོང་ནུག།
རྒྱལ་ཁབ་ཀྱི་ མི་རློབས་དང་ཕྱད་པ་ཅིན་ སྤྱི་ལོ་ ༢༠༢༤ ལུ་ ཞི་གཡོག་པའི་གྲངས་འབོར་དེ་ བརྒྱ་ཆ་ ༣.༨༢ དང་ མི་རློབས་ཀྱི་ཆ་ཚད་འབད་བ་ཅིན་ བརྒྱ་ཆ་ ༡.༢༦ ལུ་ གནས་ཡོདཔ་ད་ སྤྱི་ལོ་ ༢༠༢༣ ལུ་ བརྒྱ་ཆ་ ༡.༢༧ ལུ་ གནས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཞི་གཡོགཔ་ཕོ་མོའི་ཐེད་ཁར་ ཨམ་སྲུ་ ༡༢,༡༦༠ ཡོད་མི་དེ་ ཞི་གཡོགཔ་ཡོངས་བསྡོམས་ལས་ བརྒྱ་ཆ་ ༤༠.༩༡ གི་རྩིས་ཨིནམ་ད་ དེ་ཡང་ ཧེ་མའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་ ༠.༨༨ ཡར་སེང་སོང་ནུག།
ཞི་གཡོགཔ་ཨམ་སྲུ་མང་ཤོས་ར་ ཤེས་རིག་དང་ སྦྱོང་བརྡར་ཞབས་ཏོག་གི་ ལས་སྡེ་ཚུ་ནང་ཡོདཔ་ད་ སྤྱི་ལོ་ ༢༠༢༤ ལུ་ ལས་སྡེ་དེ་ཚུའི་ནང་ ཞི་གཡོགཔ་ཨམ་སྲུ་ ༥,༡༢༩ ཡོད་མི་དེ་ ཞི་གཡོགཔ་ཡོངས་བསྡོམས་ལས་ བརྒྱ་ཆ་ ༡༧.༢༦ གི་ རྩིས་ཨིནམ་ད་ དེ་གི་ནང་ལས་ བརྒྱ་ཆ་ ༤༦.༢༦ ཤེས་རིག་ལས་སྡེའི་ནང་དང་ སྨན་བཅོས་དང་ གསོ་བའི་ལས་སྡེའི་ནང་ ཞི་གཡོགཔ་ཨམ་སྲུ་ ༡,༩༩༤ དང་ བདག་སྐྱོང་དང་ རྒྱབ་སྐྱོར་ལས་སྡེའི་ནང་ ༡,༤༤༩ ཡོདཔ་ཨིན་པས།
ཞི་གཡོགཔ་ཚུ་གི་ ལོ་ཚད་འབད་བ་ཅིན་ བརྒྱ་ཆ་ ༦༩.༡༩ གི་རྩིས་ སྐྱེས་ལོ་ ༤༢ འོག་རྒྱུ་དང་ དེ་གི་ཐོག་ལས་ བརྒྱ་ཆ་ ༢༤.༩༤ སྐྱེས་ལོ་ ༣༠ འོག་རྒྱུ་ཨིནམ་ད་ ཞི་གཡོགཔ་འབོར་ཆེ་ཤོས་ར་ སྐྱེས་ལོ་ ༣༠ ལས་ ༣༤ གི་བར་ན་འབད་མི་ ཞི་གཡོགཔ་ཡོངས་བསྡོམས་ལས་ བརྒྱ་ཆ་ ༡༩.༧ དང་ ༣༥ ལས་ ༣༩ གི་བར་ན་འབད་མི་ བརྒྱ་ཆ་ ༡༨.༠༧ ཨིནམ་སྦེ་བཀོད་ནུག།
ཞི་གཡོག་པའི་ གོ་གནས་སྡེ་རིམ་འབད་བ་་ཅིན་ སྤྱི་ལོ་ ༢༠༢༤ ནང་ བཀོད་ཁྱབ་དང་ མཁས་མཆོག་སྡེ་རིམ་ནང་ ཞི་གཡོགཔ་ ༣༡༥ དང་ ཁྱད་ལཱ་དང་འཛིན་སྐྱོང་སྡེ་རིམ་ནང་ ཞི་གཡོགཔ་ ༡༤,༤༨༨ ཡོད་མི་དེ་ ཞི་གཡོགཔ་ཡོངས་བསྡོམས་ལས་ བརྒྱ་ཆ་ ༤༨.༨༥ ཨིནམ་ད་ དེ་བཟུམ་སྦེ་ ཞི་གཡོག་སྡེ་རིམ་ བལྟ་སྐྱོར་དང་ རྒྱབ་སྐྱོར་ནང་འབད་བ་ཅིན་ ཞི་གཡོགཔ་ ༡༢,༦༦༡ འབདཝ་ད་ བརྒྱ་ཆ་ ༤༢.༥ དང་ ལག་ལེན་སྡེ་རིམ་ནང་ ཞི་གཡོགཔ་ ༢,༢༥༩ ཡོད་མི་དེ་ བརྒྱ་ཆ་ ༧.༦ ཨིན་པས།
སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ པ་ལས་ ༡༢ ཚུན་གྱི་བར་ན་ ཞི་གཡོགཔ་གསརཔ་ ༣,༦༤༥ བསྐོ་བཞག་འབད་མིའི་གྲས་ལས་ ཤེས་རིག་ལས་སྡེ་ནང་ ཞི་གཡོགཔ་ ༡,༢༧༠ དང་ སྨན་བཅོས་དང་ གསོ་བའི་ལས་སྡེ་ནང་ ༦༩༥ བདག་སྐྱོང་དང་ རྒྱབ་སྐྱོར་ལས་སྡེ་ནང་ ཞི་གཡོགཔ་ ༣༥༠ གསར་བསྐོས་འབད་ནུག།
ལོ་དེ་ནང་ ཞི་གཡོག་ལས་ ཁ་དབྱེ་འགྱོ་མི་ཡང་ ལེ་ཤ་ཅིག་ར་ ཐོན་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༡ པ་ལས་ ༡༢ པ་ཚུན་གྱི་བར་ན་ ཞི་གཡོགཔ་ ༢,༠༡༣ གིས་ ཁ་དབྱེ་འགྱོ་མིའི་གྲས་ལས་ ཁས་བླངས་ཐོག་ལས་ དགོངས་ཞུ་འབད་མི་ ༡,༤༠༠ དང་ ཁག་འབག་གི་ དུས་ཡུན་ཚང་མི་ ༢༦༠ དེ་ལས་ གཏན་འཇགས་ཞི་གཡོག་ལུ་ བསྒྱུར་བཅོས་ ༡༥༣ དང་ ལོ་གྲངས་ཚང་ཏེ་ དགོངས་ཞུ་འབད་མི་ ༧༣ ཨིན་པས།
དེ་སྦེ་ དགོངས་ཞུ་འབད་མིའི་གྲས་ཁར་ གཞན་ཡང་ བདག་སྐྱོང་ལམ་ལུགས་སྒོ་ལས་ གཡོག་ནང་ལས་ བཏོན་བཏང་མི་ ༢༦ དང་ ངེས་པར་དུ་ དགོངས་ཞུ་འབད་དགོ་མི་ ༡༩ དེ་ལས་ ཤི་རྐྱེན་བྱུང་མི་ ༥༠ དང་ བསྐོ་བཞག་ཆ་མེད་བཏང་མི་ ༣༡ ཨིནམ་སྦེ་བཀོད་ནུག།
ཞི་གཡོག་ནང་ལས་ ཁ་དབྱེ་འགྱོ་མི་ ༢,༠༡༣ པོ་ག་ར་ ཞི་གཡོག་ནང་ལས་ ཕྱིར་ཐོན་འབད་མི་མིན་པར་ ལ་ལོ་ཅིག་ ཞི་གཡོག་གི་ གནས་རིམ་སོར་ཡོདཔ་སྦེ་ཨིནམ་ད་ དེ་ཡང་ དཔེར་ན་ ཁག་འབག་གི་ དུས་ཡུན་ཚང་མི་ ༡༥༣ གཏན་འཇགས་ཞི་གཡོགཔ་གྲངས་སུ་ སྒྱུར་བཅོས་འབད་ཡོདཔ་ཨིན་པས།
དེ་བཟུམ་མའི་ བསྒྱུར་བཅོས་འབད་མི་དེ་ ཞི་གཡོག་ནང་ ལས་མི་འཛིན་སྐྱོང་དེ་ དུས་ཀྱི་འཕོ་འགྱུར་དང་བསྟུན་ཏེ་ འགྱུར་ཁྱད་ཅན་སྦེ་ གནས་ནི་ལུ་ གཙོ་བོར་བཟུང་པའི་ རྟགས་མཚན་ཨིན་ཟེར་ བཀོད་དེ་ཡོད་པའི་ཁར་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ཚེས་ ༣༡ ཚུན་ལུ་ འབྲུག་གི་ཞི་གཡོག་ནང་ ཕྱི་ཁའི་ཁས་བླངས་པ་ ༣༠ ཡང་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: