མ་ཡེན་མར་ལས་ བཏོན་བཏང་མི་ རྒྱ་ནག་གི་ མི་ཁུངས་ ༥༠ དེ་ཅིག་ མཐའ་ཡས་ལེན་བརྒྱུད་དེ་ རྒྱ་ནག་ལུ་ ལོག་སོང་ཡོདཔ།

རོའི་ཊརཛ།
སྤྱི་ཟླ་ ༢ པའི་ཚེས་ ༢༠ ལུ་ མཐའ་ཡས་ལེན་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་ནག་གི་ མི་ཁུངས་ ༥༠ དེ་ཅིག་ མ་ཡེན་མར་གྱི་ གཡོ་སྒྱུ་ལྟེ་བ་ཚུ་གི་ནང་ལས་ བཏོན་བཏང་མི་ སྡེ་ཚན་ཅིག་ མཐའ་ཡས་ལེན་ལུ་ འཕུར་འགྲུལ་འབད་བའི་ཤུལ་ལས་ ཁོང་རའི་རྒྱལ་ཁབ་ནང་ ལོག་ཡར་སོང་ཡི་ཟེར་ཨིན་པས།
དེ་ཡང་ འཛམ་གླིང་སྤྱི་ཚོགས་ཀྱིས་ ལོ་ངོ་མང་རབས་ཅིག་གི་རིང་ལུ་ ཉེས་ཅན་སྡེ་ཚན་ཚུ་གིས་ མི་གྲངས་སྟོང་ཕྲག་བརྒྱ་ལས་བཅད་དེ་ མཐའ་ཡས་ལེན་དང་ མ་ཡེན་མར་གྱི་ ས་མཚམས་ས་ཁོངས་ཚུ་གིས་གཙོས་པའི་ ཤར་ལྷོ་ཨེ་ཤི་ཡ་ལུ་ མགོ་སྐོར་རྐྱབ་སྟེ་ ཡོངས་འབྲེལ་ཐོག་ལས་ ཁྲིམས་འགལ་གྱི་ ལཱ་འབད་བཅུག་ཡོདཔ་སྦེ་བཤད་ནུག།
སྡེ་ཚན་དེ་ མཐའ་ཡས་ལེན་གྱི་ ས་གནས་མཻ་སོ་ཊི་བརྒལ་ཏེ་ སོང་ཡོདཔ་ད་ དེ་བསྒང་ མཻ་སོ་ཊི་ལུ་ མཚོན་ཆ་འབག་མི་ དམག་མི་དང་ འཕྲུལ་ཆས་ཚུ་ བཙུགས་ཞིནམ་ལས་ དམག་སྡེའི་སྣུམ་འཁོར་ཚུ་གིས་ ཉེན་སྲུང་ཐོག་ལུ་ སོང་ཡོདཔ་ཨིན་པས།
རྒྱ་ནག་གཞུང་གིས་ གོ་སྒྲིག་འབད་མི་ གནམ་གྲུའི་ནང་ མི་གྲངས་ ༥༠ པོ་ག་ར་ འཛུལ་ཞུགས་འབད་ཡོདཔ་སྦེ་ཨིནམ་ད་ ད་རེས་ དེ་བཟུམ་མའི་ བྱ་ངན་འབད་མི་ཚུ་ སྐྱེལ་འདྲེན་འབད་མི་ གནམ་གྲུ་ ༤ ཡོད་ཟེར་ རྒྱ་ནག་ཁྲིམས་སྲུང་འགག་སྡེ་གིས་ གསལ་བཤད་འབད་ནུག།
དེ་མ་ཙད་ རྒྱ་ནག་གཞུང་གིས་ མཐའ་ཡས་ལེན་དང་ མ་ཡེན་མར་གྱིས་གཙོས་པའི་ རྒྱལ་ཁབ་གཞན་ཚུ་དང་གཅིག་ཁར་ ཡོངས་འབྲེལ་ཐོག་ལས་ ཁྲིམས་འགལ་གྱི་ ལཱ་འབད་མི་ཚུ་ རྩ་མེད་གཏང་ནིའི་དོན་ལུ་ མཉམ་འབྲེལ་འབད་དོ་ཡོདཔ་སྦེ་ཡང་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: