
སི་ཨེན་ཨེན།
སྤྱི་ཟླ་ ༢ པའི་ཚེས་ ༢༠ ལུ་ ཨིཛ་རེལ་གྱི་ས་གནས་ ཊེལ་ཨ་ཝིབ་ཀྱི་ སྦོ་ལོགས་ཁར་ དྲག་ཐོག་དབང་བཙོང་པ་ཚུ་གིས་ སྐྱེལ་འདྲེན་བཱཛ་ ༣ གྱི་ནང་ གས་རྫས་བཙུགས་ཏེ་ གཏོར་བཏང་པའི་ཤུལ་ལས་ ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ ནེ་ཏན་ཡ་ཧུ་གིས་ པེ་ལིཛ་ཊིན་གྱི་ ས་གནས་ཝེཛ་བེང་ལུ་ ཕྱད་མདའ་སླར་ལོག་ འགོ་བཙུགས་དགོ་པའི་ བཀའ་རྒྱ་གནང་ནུག།
ཨིན་རུང་ ཨིཛ་རེལ་གྱི་ཁྲོམ་ བཱཏ་ཡཱམ་དང་ ཧོ་ལོན་ཟེར་སར་ སྣུམ་འཁོར་སྟོངམ་ཚུ་ནང་ གས་རྫས་ཚུ་ བཙུགས་མི་ལུ་བརྟེན་ཏེ་ སྣུམ་འཁོར་བཱཛ་ཚུ་ གས་པའི་སྐབས་ལུ་ ཤི་རྐྱེན་དང་ རྨ་སྐྱོན་ཚུ་ བྱུང་ཡོད་པའི་ ལོ་རྒྱུས་དང་ གནོད་འཚུབ་བཀལ་མི་ཡང་ ག་ཨིན་ན་ མ་ཤེསཔ་ཨིན་པས།
དེ་ཡང་ ས་གནས་བཱཏ་ཡཱམ་ཟེར་སར་ སྣུམ་འཁོར་བཱཛ་ ༢ དང་ ས་གནས་ཧོ་ལོན་ཟེར་སར་ སྣུམ་འཁོར་ ༡ མེདཔ་བཏང་ཡོདཔ་སྦེ་ ཨིཛ་རེལ་གྱི་ དབང་འཛིན་ཚུ་གིས་ གསལ་བཤད་འབད་ནུག།
དེ་གི་ཤུལ་ལས་ ཨིཛ་རེལ་གྱིས་ རྒྱལ་ཁབ་མཐའ་དབུས་མེད་པར་ སྣུམ་འཁོར་བཱཛ་དང་ རེ་ལི་ཚུ་གི་དོན་ལུ་ ཉེན་སྲུང་ཡར་སེང་འབད་ཡོདཔ་ད་ བློན་ཆེན་ཡིག་ཚང་ལས་ དེ་བཟུམ་མའི་ བྱ་སྤྱོད་ཀྱིས་ སྣུམ་འཁོར་བཱཛ་ལེ་ཤ་ཅིག་ནང་ གས་རྫས་བཙུགས་ཏེ་ མེདཔ་གཏང་ནི་འབདཝ་མས་ཟེར་ཨིན་པས།
བློན་ཆེན་ནེ་ཏ་ནི་ཡ་ཧུ་གིས་ སྲུང་སྐྱོབ་བློན་པོ་དང་ ཨིཛ་རེལ་གྱི་ སྲུང་སྐྱོབ་དམག་མིའི་འགོ་འཛིན་ དེ་ལས་ ཆེ་མཐོའི་སྲུང་སྐྱོབ་འགོ་དཔོན་ཚུ་དང་ ཁྲིམས་སྲུང་གི་འགོ་དཔོན་ཚུ་དང་གཅིག་ཁར་ མཇལ་ཕྲད་མཛད་དེ་ སྲུང་སྐྱོབ་དམག་སྡེ་གིས་ དྲག་ཐོག་དབང་བཙོང་ལྟེ་བ་ཡོད་རིགས་ཀྱི་ རྒྱབ་འགལ་ལུ་ གདོང་ལན་འབད་དགོ་པའི་ བཀའ་རྒྱ་གནང་ནུག།
དེ་མ་ཚད་ ཨིཛ་རེལ་གྱི་ ཁྲིམས་སྲུང་འགག་སྡེ་དང་ སྲུང་སྐྱོབ་ལས་སྡེ་ལུ་ཡང་ ཨིཛ་རེལ་གྱི་ ཁྲོམ་སྡེ་ཚུ་ནང་ དེ་བཟུམ་མའི་ བྱ་ངན་ཚུ་ སྔོན་འགོག་གི་དོན་ལུ་ ལས་དོན་ཡར་སེང་འབད་དགོ་པའི་ བཀའ་རྒྱ་ཡང་ གནང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 463
Users Yesterday : 1487
This Month : 37499
This Year : 217403
Total Users : 929219
Views Today : 649
Total views : 2711850
Who's Online : 7