ཡུ་རོབ་རྒྱལ་ཁབ་ཚོགས་པའི་ འགོ་ཁྲིད་ཚུ་གིས་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཟེ་ལེནཛ་ཀི་ལུ་ སྲུང་སྐྱོབ་ཀྱི་རྒྱབ་སྐྱོར།

རོའི་ཊརཛ།

ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཀེ་རེན་ལུ་ དམག་སྡེའི་གྲོགས་རམ་ཚུ་ མཚམས་འཇོག་འབད་བའི་ཤུལ་ལས་ ཡུ་རོབ་གླིང་ཆེན་ནང་ ཡུ་ཨེཛ་གི་སྲུང་སྐྱོབ་ ངེས་པ་མེད་པའི་ ཚ་གྱང་ཐོག་ལས་ སྤྱི་ཟླ་ ༣ པའི་ཚེས་ ༦ ལུ་ ཡུ་རོབ་རྒྱལ་ཁབ་ཁག་གི་ འགོ་ཁྲིདཔ་ཚུ་གིས་ ཐབས་ལམ་ཡར་དྲག་གི་སྒོ་ལས་ ཡུ་ཀེ་རེན་ལུ་ སྲུང་སྐྱོབ་ཀྱི་ ཟད་འགྲོ་དང་ རྒྱབ་སྐྱོར་ཚུ་འབད་ནི་གི་ ཁས་ལེན་མཛད་ནུག།

ས་གནས་བར་སེལ་ལུ་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ འཐུས་མི་རྒྱལ་ཁབ་ ༢༧ གྱི་ དབུ་ཁྲིད་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ཡང་ གྲལ་གཏོགས་མཛད་ནི་ཨིནམ་ད་ འཐུས་མི་རྒྱལ་ཁབ་ཚུ་གི་གྲས་ལས་ ཧང་ག་རི་རྒྱལ་ཁབ་ཀྱིས་ ཡུ་ཀེ་རེན་ལུ་ རྒྱབ་སྐྱོར་མེདཔ་ལས་ ཞལ་འཛོམས་སྐབས་ལུ་ གོང་འཁོད་ཁས་ལེན་དང་འབྲེལ་ཏེ་ གཞན་རྒྱལ་ཁབ་ཚུ་དང་ མཉམ་འབྲེལ་འབད་མི་བཏུབ་འོང་མནོ་བའི་ དོགས་པ་ཡོདཔ་ཨིན་པས།

ཞལ་འཛོམས་དེ་ཡང་ ད་རེས་ ར་ཤི་ཡ་གིས་ ཡུ་ཀེ་རེན་དང་ ཕྱད་མདའ་རྐྱབ་མི་ལས་ཐོབ་པའི་ བློ་སྤོབས་ལུ་ གཞི་བརྟེན་ཏེ་ ཡུ་རོབ་རྒྱལ་ཁབ་ཚུ་ལུ་ཡང་ གནོད་འཚུབ་བཀལ་སྲིད་ནི་ཨིན་པའི་ཁར་ ཡུ་རོབ་རྒྱལ་ཁབ་ཚུ་ལུ་ ཡུ་ཨེཛ་གིས་ རྒྱབ་སྐྱོར་འབད་མི་འབད་ཡང་ ཏན་ཏན་མེད་པའི་ གནས་སྟངས་ནང་ འཚོགས་ནི་ཨིནམ་སྦོ་བཀོད་ནུག།

གནད་དོན་དེ་གི་ཐེད་ཁར་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་འབད་བ་ཅིན་ བྱང་ཨ་མེ་རི་ཀ་དང་ ཡུ་རོབ་ ༢ མཐུད་འབྲེལ་འབད་མི་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པ་ལུ་ ངོས་ལེན་ཡོད་ལུགས་ གསུངས་ཡོད་རུང་ ཡུ་རོབ་ཀྱིས་ ཁོང་རའི་ཉེན་སྲུང་གི་དོན་ལས་ འགན་ཁུར་དེ་ ཁོང་ར་གིས་ར་ འབག་དགོ་ཟེར་ཨིན་པས།

ད་ཚུན་གྱི་བར་ན་ ཡུ་ཨེཛ་གི་ཁ་ཐུག་ལས་ ཡུ་ཀེ་རེན་ལུ་ རྒྱབ་སྐྱོར་སྒྲིང་སྒྲིང་འབད་ཡོད་རུང་ གནས་སྐབས་ཅིག་ སྲིད་འཛིན་ཌོ་ནཱལ་ཊཱམ་གྱིས་ ར་ཤི་ཡ་དང་གཅིག་ཁར་ འབྲེལ་མཐུན་མངམོ་ཡོད་དོ་བཟུམ་འབདཝ་ལས་ ར་ཤི་ཡ་དེ་ ཡུ་རོབ་ཀྱི་ ཉེན་སྲུང་ལུ་ ཉེན་ཁ་སྦོམ་ཤོས་ཡོད་པའི་ རྒྱལ་ཁབ་ལུ་ འགྱུར་ནི་གི་ ཚ་གྱང་ཡོད་ལུགས་ཚུ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: