
རོའི་ཊརཛ།
སྤྱི་ཟླ་ ༣ པའི་ཚེས་ ༡༡ ལུ་ ཡུ་ཨེཛ་དང་ ཡུ་ཀེ་རེན་གྱི་ མཉམ་འབྲེལ་གསལ་བཤད་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གིས་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་བར་ན་ ཉིན་གྲངས་ ༣༠ གི་རིང་ལུ་ ཕྱད་མདའ་མཚམས་འཇོག་འབད་དགོ་པའི་ གྲོས་འཆར་བཀོད་མི་དེ་ལུ་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ ངོས་ལེན་གྲུབ་པ་ལུ་བརྟེན་ཏེ་ ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ དམག་སྡེའི་གྲོགས་རམ་ འཕྲོ་མཐུད་བྱིན་ནི་སྦེ་ ཞལ་འཆམ་བྱུང་ཡི་ཟེར་ཨིན་པས།
དེ་ཡང་ སའུ་དི་ཨ་ར་བི་ཡའི་ས་གནས་ ཇེ་ད་ལུ་ ཡུ་ཀེ་རེན་གྱི་འགོ་དཔོན་ཚུ་དང་གཅིག་ཁར་ དུས་ཡུན་ཆུ་ཚོད་ ༨ ལྷགཔ་ཅིག་གི་རིང་ལུ་ གསུང་གྲོས་གནང་པའི་ཤུལ་ལས་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུན་ཆེན་ མར་ཀོ་ རུ་བི་ཡོ་གིས་ གྲོས་འཆར་དེ་ ར་ཤི་ཡ་གིས་ཡང་ ངོས་ལེན་འབད་བའི་ རེ་བ་ཡོད་ཟེར་བཤད་ནུག།
ར་ཤི་ཡའི་ ཁ་ཐུག་ལས་ གྲོས་འཆར་དེ་ ངོས་ལེན་འབད་བའི་ཤུལ་ལས་ འགྲིག་ཆ་ངོ་མ་དེ་ འགོ་བཙུགས་ནི་ཨིནམ་ལས་ རྒྱལ་ཁབ་གཉིས་ཆ་རའི་ཧོངས་ལས་ ངོས་ལེན་གྲུབེ་པའི་ རེ་བ་ཡོད་ཟེར་ཨིནམ་ད་ དེ་མིན་ ཕྱད་མདའ་འཕྲོ་མཐུད་ལུ་བརྟེན་ཏེ་ རྒྱལ་ཁབ་གཉིས་ཆ་རའི་ མི་སེར་ཚུ་ལུ་ ཉིན་བསྟར་བཞིན་དུ་ ཤི་རྐྱེན་དང་ རྨ་སྐྱོན་ཚུ་ འབྱུང་བཞིན་དུ་ སྡོད་འོང་ཟེར་ཨིན་པས།
མ་གཞི་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་གྱི་ ཁ་ཐུག་ལས་ཡང་ ཞི་བདེའི་འགྲིག་ཆ་ཅིག་ བཟོ་ནི་ལུ་ ངོས་ལེན་ཡོད་ལུགས་ བཤད་ཡོད་རུང་ ཁོ་གི་དོན་གཅོད་པ་ཚུ་གིས་ ར་ཤི་ཡའི་ ཡུན་རིང་སྲུང་སྐྱོབ་ཀྱི་དོན་ལུ་ འགྲིག་ཆ་བཟོ་ནི་མ་གཏོགས་ ཕྱད་མདའ་མཚམས་འཇོག་ལུ་ ངོས་ལེན་མེད་ལུགས་ཚུ་བཤད་ནུག།
དེ་མ་ཚད་ སྲིད་འཛིན་པུ་ཊིན་གྱིས་ ས་ཁོངས་དང་འབྲེལ་བའི་ འགྲིག་ཆ་བཟོ་ནི་མེད་པའི་ཁར་ ཡུ་ཀེ་རེན་གྱི་ས་ཁོངས་ ར་ཤི་ཡ་གིས་ དབང་ལུ་བསྡུ་མི་ཚུ་ལས་ ཡུ་ཀེ་རེན་གྱི་ དམག་མི་ཚུ་ག་ར་ བཏོན་བཏང་དགོཔ་སྦེ་ཡང་ བཤད་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 317
Users Yesterday : 1450
This Month : 43326
This Year : 223229
Total Users : 935045
Views Today : 644
Total views : 2726760
Who's Online : 8