
བདུན་ཕྲག་ཧེ་མའི་ནང་ལས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ འབྲུག་རྒྱལ་ཁབ་འདི་ ཡུ་ཨེཛ་ལུ་ འགྲུལ་བསྐྱོད་འབད་མ་ཆོག་པའི་ ཟིན་ཐོ་དམརཔོ་ནང་ ཚུད་དེ་ཡོད་ལུགས་ཀྱི་སྐོར་ལས་ འཛམ་གླིང་ནང་ དར་ཁྱབ་སྦོམ་སྦེ་ར་ སོང་སྟེ་ཡོད་རུང་ སྤྱི་ཟླ་ ༣ པའི་ཚེས་ ༡༧ ལུ་ གཞུང་འབྲེལ་འབྱུང་ཁུངས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་རྒྱལ་ཁབ་འདི་ ཟིན་ཐོ་དམརཔོ་ལས་ ཟིན་ཐོ་གསེརཔོ་ནང་ མར་བབས་སོང་ཡོདཔ་སྦེ་ཨིན་པས།.
དེ་སྦེ་ ཟིན་ཐོ་གསེརཔོ་ནང་ཚུད་མི་ རྒྱལ་ཁབ་ཚུ་གིས་ ཡུ་ཨེཛ་གི་མཐོང་སྣང་ལུ་ བྱ་སྟབས་མ་བདེཝ་ཡོད་མི་ཚུ་ རྒྱལ་ཁབ་རང་སོ་གིས་ བསལ་ཐབས་འབད་ནིའི་དོན་ལས་ དུས་ཚོད་དུམ་གྲ་རེ་ བྱིན་ནི་ཨིནམ་བཞིན་དུ་ གལ་སྲིད་ ཟིན་ཐོ་དེ་ལུ་ ཆ་གནས་མ་འབད་བ་ཅིན་ ཟིན་ཐོ་གཞན་མིའི་ནང་ སྤོ་བཤུད་འབད་ནི་ཨིནམ་ད་ འབྲུག་རྒྱལ་ཁབ་འདི་ དེ་སྦེ་ ཟིན་ཐོ་གསེརཔོ་ནང་ ཚུད་མི་དེ་ཡང་ འབྲུག་མི་ཚུ་གིས་ ཆོག་ཐམ་གྱི་ དུས་ཡུན་ལས་བརྒལ་ཏེ་ ཡུ་ཨེཛ་ལུ་ སྡོད་ནི་དེ་གིས་ཨིནམ་སྦེ་བཀོད་ནུག།
དེ་ཡང་ འབྲུག་མི་ཚུ་ བལྟ་བཤལ་དང་ ཚོང་འབྲེལ་ དེ་ལས་ སློབ་གཉེར་ཚུ་བཟུམ་མའི་ ཆོག་ཐམ་ཐོག་ལུ་ ཡུ་ཨེཛ་རྒྱལ་ཁབ་ནང་ འགྲུལ་བསྐྱོད་འབད་བའི་ཤུལ་ལས་ ཆོག་ཐམ་གྱི་ དུས་ཡུན་རྫོགས་སོང་རུང་ ལོག་མ་འོང་པར་ རྒྱལ་ཁབ་དེ་ནང་ར་ སྡོད་དོ་ཡོདཔ་སྦེ་ཨིན་པས།
ཡུ་ཨེཛ་གི་ ནང་འཁོད་སྲུང་སྐྱོབ་ལས་ཁུངས་ཀྱི་ སྙན་ཞུ་ ༢༠༢༣ ཅན་མའི་ནང་ ཆོག་ཐམ་གྱི་ དུས་ཡུན་རྫོགས་པའི་ཤུལ་ལུ་ རྒྱལ་ཁབ་ནང་མ་ལོག་མི་ འབྲུག་མིའི་གྱངས་ཁ་དེ་ མཐོ་སུ་མཚམས་ཅིག་ར་ཡོདཔ་སྦེ་བཀོད་ནུག།
རྒྱལ་ཁབ་དེ་ནང་ སྤྱིར་སྙོམས་ལུ་ རྒྱལ་ཁབ་ ༡༥༤ ལས་ ཆོག་ཐམ་རྫོགས་པའི་ཤུལ་ལུ་ རང་སོའི་རྒྱལ་ཁབ་ནང་ མ་ལོག་པར་སྡོད་མིའི་ ཚད་གཞི་དེ་ བརྒྱ་ཆ་ ༣.༢༠ དེ་ཅིག་ཨིནམ་ད་ དེ་བཟུམ་སྦེ་ འབྲུག་མིའི་ཚད་གཞི་དེ་ཡང་ བརྒྱ་ཆ་ ༡༢.༡༥ ལུ་ གནས་ཏེ་ཡོདཔ་ཨིན་པའི་གནས་ཚུལ།



Users Today : 716
Users Yesterday : 1298
This Month : 47120
This Year : 227023
Total Users : 938839
Views Today : 1899
Total views : 2735687
Who's Online : 15