
པདྨ་དབང་འདུས།
སྤྱི་ཟླ་ ༣ པའི་ཚེས་ ༡༨ ལུ་ གནམ་གཤིས་མ་རྩ་གཞི་བཙུགས་གྲོས་འཛོམས་ ༢༠༢༥ ཅན་མ་ ཚོགས་གནངམ་དང་འབྲེལ་ཏེ་ ཞལ་འཛོམས་ཀྱི་ཕྱི་ཁར་སྦེ་ ཨཱཛ་ཊེ་ལི་ཡའི་ ཕྱི་འབྲེལ་ལས་རོགས་བློན་པོ་ ཊིམ་ཝཱཊཛ་དང་གཅིག་ཁར་ མཇལ་ཕྲད་མཛད་དེ་ འབྲུག་དང་ ཨཱཛ་ཊེ་ལི་ཡའི་བར་ན་ ཟང་ཕྱོགས་མཐུན་འབྲེལ་བཙན་ཐབས་དང་ མཉམ་འབྲེལ་གྱི་ གོ་སྐབས་གསརཔ་ཚུ་ ངོས་འཛིན་གྱི་སྐོར་ལས་ གསུང་གྲོས་ཚུ་གནང་ནུག།
དེ་བསྒང་ མི་རྗེ་བློན་ཆེན་གྱིས་ ན་ཧིང་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་ མི་དབང་རྒྱལ་སྲས་ལྷན་རྒྱས་ཚུ་ ཨཱཛ་ཊེ་ལི་ཡ་ལུ་ ཆིབས་བསྐྱོད་གནངམ་ད་ ཨཱཛ་ཊེ་ལི་ཡ་གཞུང་གིས་ ཐུགས་བརྩེ་བའི་སྒོ་ལས་ ཕེབས་བསུ་ཞུ་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་དང་ མཇལ་ཕྲད་དེ་ལུ་བརྟེན་ཏེ་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་ལུ་ ཁས་ལེན་ཚུ་ བསྐྱར་གསོ་མཛད་ཐབས་ བྱུང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ མི་རྗེ་བློན་ཆེན་གྱིས་ ཇི་ཡོ་ནི་ཡོན་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ གཞི་བཙུགས་མཉམ་འབྲེལ་བ་ ཨམ་རོག་སེན་ བན་དི་ནི་ མེ་ཌར་དང་ཡང་ མཇལ་ཕྲད་མཛད་དེ་ འབྲུག་གི་རྐྱེན་ངན་འཛིན་སྐྱོང་ལས་སྡེ་ལུ་ ཇི་ཡོ་ནི་ཡོན་ལས་སྡེའི་ ཕན་འདེབས་ཚུ་གི་སྐོར་ལས་ གསུང་གྲོས་གནང་ནུག།
འབྲུག་རྒྱལ་ཁབ་ཀྱི་ རང་བཞིན་རྐྱེན་ངན་གྱི་ ཉེན་ཁའི་གནས་སྟངས་ལུ་ ངོས་ལེན་ཐོག་ལས་ མི་རྗེ་བློན་ཆེན་གྱིས་ ཉེན་ཁ་དེ་ཚུ་ མར་ཕབ་འབད་ནི་དང་ ཡར་དྲག་ཡུན་བརྟན་སྦེ་ གཏང་ཐབས་ཚུ་ལུ་ ཐབས་ལམ་གསར་བཏོད་དང་ འཕྲུལ་རིག་གི་ མཁས་ལཱ་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ད་ ཇི་ཡོ་ནི་ཡོན་ལས་སྡེའི་ཁ་ཐུག་ལས་ གནད་འགག་ཅན་གྱི་ ལས་སྡེ་ལུ་ རྒྱབ་སྐྱོར་གྱི་ ཁས་ལེན་ཡོད་མི་ལུ་ བཀྲིན་དགའ་ཚོར་ཡོད་་ལུགས་ཡང་ གསུངས་ཡོདཔ་ཨིན་པས།
དེ་མ་ཚད་ མི་རྗེ་བློན་ཆེན་གྱིས་ སཱོལ་ཊར་བ་ར་དརཛ་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ རོ་བཱཊ་སཱོལ་ཊར་དང་ཡང་ མཇལ་ཕྲད་མཛད་དེ་ འབྲུག་གི་སླར་བྱུང་ནུས་ཤུགས་ལུ་ མ་རྩ་གཞི་བཙུགས་སྐོར་ལས་ གསུང་གྲོས་གནང་ནུག།
དེ་བསྒང་ མི་རྗེ་བློན་ཆེན་གྱིས་ འབྲུག་གི་དཔལ་འབྱོར་ཡར་འཕར་གྱི་དོན་ལུ་ ཡུན་བརྟན་ནུས་ཤུགས་དེ་ གལ་གནད་ཆེ་བའི་སྐོར་ལས་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ ཕུགས་གཟིགས་ཅན་གྱི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་སྐོར་ལས་ གཙོ་རིམ་ཐོག་ལུ་ཡང་ གསུང་གྲོས་གནང་ཡོདཔ་ཨིན་པས།
མི་རྗེ་བློན་ཆེན་གྱིས་ འབྲུག་གི་ཡུན་བརྟན་ཅན་གྱི་ དམིགས་དོན་ཚུ་དང་ འབྲེལ་ཆགས་ཅན་གྱི་ མཉམ་རོགས་ཚུ་གིས་ གྲལ་གཏོགས་འབད་ནི་ལུ་ བསུ་བ་ཡོད་ལུགས་དང་ ལས་སྡེ་དེ་དང་འབྲེལ་ཏེ་ མཉམ་འབྲེལ་གྱི་ གོ་སྐབས་ཚུ་གི་སྐོར་ལས་ཡང་ གཙོ་རིམ་བཀོད་དེ་ གསུང་གྲོས་གནང་ནུག།
དེ་ས་ གཞན་ཡང་ མི་རྗེ་བློན་ཆེན་མཆོག་གིས་ མེལ་བཱོན་ལུ་ཡོད་མི་ འབྲུག་མི་ཚུ་དང་ མཇལ་ཕྲད་མཛད་དེ་ ཁོང་ཆ་ཁྱབ་ རྒྱལ་ཁབ་ཀྱི་ཕྱི་ཁར་ སྡོད་ཡོད་རུང་ གཅིག་སྒྲིལ་དང་ འབྲུག་གི་དོན་ལས་ ཁས་ལེན་ཡོད་མི་ལུ་ ངལ་རངས་ཡོད་ལུགས་ཚུ་ གསུངས་པའི་ཁར་ རྒྱལ་ཡོངས་ཀྱི་ གོང་འཕེལ་ཚུ་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་གཟིགས་སྣང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་སྐོར་ལས་ གསལ་བཤད་གནང་ཐོག་ལུ་ འབྲུག་མི་ཚུ་གིས་ འབྲུག་གི་གོང་འཕེལ་དང་ འབྲེལ་བ་རྒྱུན་སྐྱོང་འཐབ་སྟེ་ འབྲུག་གི་ཡར་འཕེལ་གྱི་དོན་ལས་ གོང་འཕེལ་གྱི་ལཱ་ཚུ་ལུ་ ཕན་ཐབས་འབད་ནི་ལུ་ སེམས་ཤུགས་བསྐྱེད་དགོ་པའི་སྐོར་ལས་ཡང་ གསུངས་ཡོད་པའི་གནས་ཚུལ།





Users Today : 1013
Users Yesterday : 1298
This Month : 47417
This Year : 227320
Total Users : 939136
Views Today : 2643
Total views : 2736431
Who's Online : 6