
པདྨ་དབང་འདུས།
སྤྱི་ཟླ་ ༣ པའི་ཚེས་ ༡༩ ལུ་ དཱན་ཏག་ལས་འགུལ་གྱིས་ མཐའ་འཁོར་གནས་སྟངས་དང་ འབྲེལ་མཐུན་ཅན་གྱི་ འཁོར་ལམ་བཟོ་བསྐྲུན་གྱི་དོན་ལུ་ འཕྲུལ་རིག་གསརཔ་ཚུ་གི་སྐོར་ལས་ གོ་བསྡུར་ཞལ་འཛོམས་ཅིག་ ཐིམ་ཕུ་ལུ་སྦེ་ འགོ་འདྲེན་འཐབ་ནུག།
དེ་ཡང་ བསྐྱར་བཟོའི་ཅ་ཆས་དང་ ཡུན་བརྟན་ཅན་གྱི་ཐོན་ཁུངས་ དེ་ལས་ ནུས་ཤུགས་ཀྱི་ ལྕོགས་གྲུབ་ཡོད་མིའི་ བྱ་སྒོ་ཚུ་ ལག་ལེན་འཐབ་ཐོག་ལས་ མཐའ་འཁོར་གནས་སྟངས་ལུ་ གནོད་པ་མར་ཕབ་ལུ་དམིགས་ཏེ་ཨིན་པས།
གོ་བསྡུར་ཞལ་འཛོམས་དེ་ རྒྱ་གར་གྱི་ འཁོར་ལམ་ཞིབ་འཚོལ་གཙུག་སྡེ་དང་ ཚན་རིག་དང་ བཟོ་གྲྭ་ཞིབ་འཚོལ་ལྷན་ཚོགས་དང་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ ཞལ་འཛོམས་དེ་ནང་ འབྲུག་གི་ཚན་རིག་དང་ འཕྲུལ་རིག་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བསྟན་འཛིན་དང་ འགོ་དཔོན་ཚུ་ དེ་ལས་ ལྷ་སྐྱིད་ལྕགས་ལས་ཚོང་སྡེ་དང་ དཱན་ཏག་ལས་འགུལ་གྱི་ འགོ་དཔོན་གཞན་ཚུ་གིས་ གྲལ་གཏོགས་འབད་ནུག།
དེ་བསྒང་ གསལ་བཤད་པ་གཙོ་བོ་དེ་ རྒྱ་གར་གྱི་ འཁོར་ལམ་ཞིབ་འཚོལ་གཙུག་སྡེ་དང་ ཚན་རིག་དང་ བཟོ་གྲྭ་ཞིབ་འཚོལ་ལྷན་ཚོགས་ཀྱི་ ཚན་རིག་པ་གཙོ་བོ་ ས་ཏིཤ་པཱན་ཌེ་ཨིནམ་ད་ འཁོར་ལམ་ཞིབ་འཚོལ་གཙུག་སྡེ་གིས་ འཁོར་ལམ་དང་ གནམ་གྲུ་རྒྱུགས་ཐང་ཚུ་གི་ བཟོ་བཀོད་དང་ བཟོ་བསྐྲུན་ དེ་ལས་ རྒྱུན་སྐྱོང་ཚུ་གི་ནང་ ཞིབ་འཚོལ་དང་ ལས་འགུལ་གོང་འཕེལ་ཚུ་གི་ ཁྱད་རིག་དང་ གྲོས་སྟོན་གྱི་ ལཱ་ཚུ་འབད་དོ་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ནང་ འཁོར་ལམ་བཟོ་བསྐྲུན་གྱི་དོན་ལུ་ འཕྲུལ་རིག་གསརཔ་དང་ བསྐྱར་བཟོའི་ཅ་ཆས་ ལྕགས་ཀྱི་སྙིགས་རོ་ དེ་ལས་ ལྕོགས་གྲུབ་ཅན་གྱི་ བཟོ་བཏོན་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོདཔ་ད་ དེ་བཟུམ་མའི་ རྒྱུ་ཆས་ཚུ་ ལག་ལེན་འཐབ་པ་ཅིན་ བཙོག་རླུང་ཀཱར་བོན་གྱི་ ཐོན་ཚད་མར་ཕབ་འབད་ཚུགསཔ་ཨིན་པས།
ལྕགས་ཀྱི་སྙིགས་རོ་ཚུ་གི་ཐེད་ཁར་ འབྲུག་ལུ་འབད་བ་ཅིན་ ལྷ་སྐྱིད་ཚོང་སྡེ་དེ་ ལྕགས་ཀྱི་ཅ་ཆས་ བཟོ་བསྐྲུན་འབད་མི་ཨིནམ་ལས་ ད་རེས་ སྙིགས་རོ་ཚུ་ བཀོག་ནི་ལུ་ དོ་འགྲན་བྱུང་དོ་ཡོདཔ་ལས་ འཁོར་ལམ་བཟོ་བསྐྲུན་ནང་ དེ་བཟུམ་མའི་ སྙིགས་རོ་ཚུ་ ཡུན་བརྟན་ཅན་སྦེ་ ལག་ལེན་འཐབ་ཚུགས་ནི་ཨིན་པས།
གོ་བསྡུར་ཞལ་འཛོམས་ མཇུག་སྡུད་ལུ་ བར་སྦི་སའི་ འཁོར་ལམ་མི་ཊར་ ༡༠༠ འབད་མི་ལུ་ རྩི་ནག་འཁོལ་ནི་གི་ དྲོད་ཚད་མཐོ་དྲགས་མ་དགོ་པའི་ ཐབས་ལམ་བརྒྱུད་དེ་ འགྲེམ་སྟོན་ཅིག་ཡང་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།




Users Today : 1056
Users Yesterday : 1155
This Month : 48615
This Year : 228518
Total Users : 940334
Views Today : 1740
Total views : 2738364
Who's Online : 22