མཐའ་ཡས་ལེན་གྱི་ བློན་ཆེན་ལུ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བསྐྱུརཝ་ད་ ཡིད་ཆེས་ཡོད་པའི་ ཚོགས་རྒྱན་མངམོ་ཐོབ་ཡོདཔ།

རོའི་ཊརཛ།
མཐའ་ཡས་ལེན་གྱི་བློན་ཆེན་ པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་རའི་ རྒྱབ་འགལ་ལུ་ ལྡོག་ཕྱོགས་ཀྱི་ཁ་ཐུག་ལས་ ཉིན་གྲངས་ ༢ ཀྱི་རིང་ལུ་ ཨུ་ཚུགས་བསྐྱེདཔ་ལས་ སྤྱི་ཟླ་ ༣ པའི་ཚེས་ ༢༦ ལུ་ སྤྱི་ཚོགས་ནང་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བསྐྱུརཝ་ད་ ཡིད་ཆེས་ཡོད་པའི་ ཚོགས་རྒྱན་མངམོ་ཐོབ་ཡོདཔ་ལས་ སྲིད་ཚོགས་མཉམ་བསྡོམས་ཀྱི་ གཞུང་སྐྱོང་ཚོགས་པའི་ བརྟན་གཞི་བསྐྱར་གསོ་བྱུང་ནུག།.
དེ་ཡང་ ལོ་ན་ཆུང་ཤོས་ཨིན་མི་ མཐའ་ཡས་ལེན་གྱི་ བློན་ཆེན་དེ་གིས་ སྤྱི་ཚོགས་ནང་ ཚོགས་རྒྱན་བསྐྱུར་མི་བསྡོམས་ ༤༨༨ ཡོད་ས་ལས་ ཡིད་ཆེས་ཡོད་པའི་ ཚོགས་རྒྱན་གྲངས་ ༣༡༩ ཐོབ་ཡོདཔ་ད་ ལྡོག་ཕྱོགས་ཀྱི་ ཁ་ཐུག་ལས་འབད་བ་ཅིན་ བློན་ཆེན་དེ་ལུ་ ཁྱད་ཚད་གྲུབ་པའི་ དཔལ་འབྱོར་གྱི་ ཤེས་ཡོན་མེད་པའི་ཁར་ ཁྲལ་ཟུར་འབད་ཡོད་པའི་ ཁ་ཉེས་ཚུ་ཡང་ བཀལ་ཡོདཔ་ཨིན་པས།
བློན་ཆེན་པེ་ཏོང་ཏ་རཱན་ལུ་ མི་མང་ཡིག་ཚང་གི་ ཉམས་མྱོང་མེད་རུང་ བློན་ཆེན་བགྲེསཔ་ སེ་རེ་ཐ་ ཐ་བི་སིན་གྱི་ཚབ་ལུ་ བློན་ཆེན་གྱི་ གོ་གནས་བཞེས་ཏེ་ ཟླ་ངོ་ ༧ ལྷགཔ་ཅིག་གི་ཤུལ་ལས་ ཡིད་ཆེས་ཡོད་མེད་ཀྱི་ ཚོགས་རྒྱན་བསྐྱུར་ནུག།
དགུང་ལོ་ ༣༨ བཞེས་མི་ བློན་ཆེན་པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་ར་དེ་ བཟའ་ཚང་ནང་ལས་ གོ་གནས་མཐོ་ཤོས་འཆང་མི་ མི་ངོམ་ ༤ པ་ཨིནམ་ད་ མོ་གིས་འབད་བ་ཅིན་ དེ་བཟུམ་མའི་ ཁ་ཉེས་ཚུ་ རྩ་ལས་མི་བདེན་ཟེར་ཨིན་པས།
མི་མང་གི་ བསམ་འཆར་བསྡུ་ལེན་ཚུ་ནང་ བློན་ཆེན་པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་ར་ལུ་ རྒྱབ་སྐྱོར་ཧ་ལམ་ཅིག་ལས་མེདཔ་ཨིན་རུང་ ཡིད་ཆེས་ཡོད་མེད་ཀྱི་ ཚོགས་རྒྱན་བསྐྱུར་བ་ལུ་བརྟེན་ཏེ་ འབྲེལ་ཟིང་ཅན་གྱི་ སྲིད་དོན་གྱི་ གནས་སྟངས་ནང་ཡོད་མི་ མོ་གི་སྲིད་དོན་མཉམ་འབྲེལ་ཚོགས་པ་དེ་ སྒྲིང་སྒྲིང་སྦེ་ར་ གནས་ཡོད་པའི་ བརྡ་མཚོན་ཐོན་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: