
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༤ པའི་ཚེས་ ༢ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ གི་རིན་ལེན་མཚོ་གླིང་དེ་ མཁོ་སྒྲུབ་འབད་ནི་གི་ ཀུན་སློང་ཡོདཔ་སྦེ་ བཤད་ཡོདཔ་ལས་ དེ་བཟུམ་མའི་ གནས་སྟངས་ལུ་ མི་ཐུག་ནིའི་དོན་ལས་ ཌེན་མཱག་གི་བློན་ཆེན་ ཨམ་མེ་ཊི་ ཕེར་ཌ་རིག་སེན་གྱིས་ གི་རིན་ལེན་ལུ་ རྒྱབ་སྐྱོར་ཧྲིལ་བུར་འབད་ནི་ཨིན་པའི་ ཁས་ལེན་འབད་ནུག།
ཌེན་མཱག་གི་ཁ་ཐུག་ལས་ གི་རིན་ལེན་ལུ་ རྒྱབ་སྐྱོར་ཡོད་ལུགས་དེ་ཡང་ ཌེན་མཱག་གི་བློན་ཆེན་ གི་རིན་ལེན་ལུ་ གཟིགས་སྐོར་གནང་པར་ བྱོན་པའི་སྐབས་ལུ་ གསུངས་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ གི་རིན་ལེན་དང་ ཌེན་མཱག་གི་ མི་སེར་ཚུ་ལུ་ ཐོབ་དབང་འདྲ་མཉམ་ཡོདཔ་ ངེས་གཏན་བཟོ་ཐབས་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན་པའི་ནང་ལས་ཡང་ ད་རེས་ གི་རིན་ལེན་གྱི་ ཕྱི་འབྲེལ་དང་ ཉེན་སྲུང་གི་གནས་སྟངས་ བྱ་སྟབས་བདེ་ཏོག་ཏོ་ བཟོ་ནི་དེ་ དཀའ་ངལ་ཅན་ཅིག་ཨིན་རུང་ གསུང་གྲོས་གནང་དགོཔ་འདུག་ཟེར་གསུངས་ནུག།
གི་རིན་ལེན་དེ་ གཏེར་རྫས་ཀྱིས་ཕྱུག་པའི་ ས་ཁོངས་ཅིག་ཨིན་པའི་ཁར་ གནམ་གཤིས་འགྱུར་བ་ལུ་བརྟེན་ཏེ་ འཛུལ་ཞུགས་འཇམ་པའི་ མཚོ་གླིང་ཅིག་འབདཝ་ལས་ གི་རིན་ལེན་དེ་ ཡུ་ཨེཛ་གི་ ཉེན་སྲུང་དོན་ལུ་ ག་ནི་བ་ཡང་ གལ་ཆེ་ཟེར་ཨིན་པས།
དེ་མ་ཚད་ བྱང་ཨ་མེ་རི་ཀ་ལས་ ཡུ་རོབ་ལུ་ འཛུལ་ཞུགས་ཀྱི་ བརྒྱུད་ལམ་ཐག་ཐུང་ཤོས་ཡང་ གི་རིན་ལེན་བརྒྱུད་དེ་ཡོདཔ་ལས་ ཡུ་ཨེཛ་གིས་ མཚོ་གླིང་དེ་ནང་ དྲག་པོའི་དམག་སྡེ་དང་ མི་ཛ་ཡེལ་ཚུ་གི་ རྒྱབ་འགལ་ལུ་ སྔོན་བརྡའི་རིམ་ལུགས་ བཙུགས་ཚུགས་པ་ཅིན་ ཡུ་ཨེཛ་ལུ་ ཐབས་བྱུས་ཅན་གྱི་ ཁེ་ཕན་འོང་ནི་ཨིནམ་སྦེ་བཀོད་ནུག།
གི་རིན་ལེན་གྱི་ བློན་ཆེན་གསརཔ་ ནི་ཡེལ་སེན་གྱི་ སྲིད་ཚོགས་མཉམ་འབྲེལ་གྱི་གཞུང་དེ་ སྤྱི་ཟླ་ ༤ པའི་ཚེས་ ༧ ལུ་ བཙུགས་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 1032
Users Yesterday : 1379
This Month : 1031
This Year : 229873
Total Users : 941689
Views Today : 2688
Total views : 2741731
Who's Online : 9