རྒྱ་གར་དང་ ནེ་པཱལ་གྱི་ ས་གནས་ཚུ་ནང་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ཏེ་ མི་གྲངས་ ༡༠༠ དེ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ།
རྒྱ་གར་དང་ ནེ་པཱལ་གྱི་ ས་གནས་ཚུ་ནང་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ཏེ་ མི་གྲངས་ ༡༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིནམ་ད་ དེ་སྦེ་ ཆརཔ་རྐྱབ་ནི་ཨིན་པའི་སྐོར་ལས་ རྒྱ་གར་གྱི་ གནམ་གཤིས་ལས་ཁུངས་ཀྱིས་ དུས་ཚོད་མིན་པའི་ ཆརཔ་མང་སུ་ཅིག་ རྐྱབ་ནི་ཨིན་པའི་ སྔོན་དཔག་ཐོག་ལས་ གསལ་བཤད་འབད་ནུག།
རྒྱ་གར་གྱི་ གནམ་གཤིས་ལས་ཁུངས་ཀྱིས་ རྒྱལ་ཁབ་ནང་ ཉེན་ཁ་སྣ་ཚོགས་ཀྱི་ ཉེན་བརྡ་འབད་ཡོདཔ་ད་ དེ་ཡང་ ནུབ་ཕྱོགས་ཁ་ཐུག་ལུ་ ཚ་དྲོད་ཀྱི་ གནས་སྟངས་དང་ ཤར་ཕྱོགས་དང་ དབུས་ཕྱོགས་ཀྱི་ ལུང་ཕྱོགས་ཚུ་ནང་ ཆརཔ་རྐྱབ་ནི་ཨིན་པའི་ ཉེན་བརྡ་འབད་ཡོདཔ་ཨིན་པས།
ཤར་ཕྱོགས་བི་ཧར་མངའ་སྡེའི་ནང་ སྤྱི་ཟླ་ ༤ པའི་ཚེས་ ༨ ལས་ ཆརཔ་དང་འབྲེལ་བའི་ བྱུང་རྐྱེན་ཚུ་ནང་ མི་གྲངས་ ༦༤ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་ཡང་ རྒྱ་གར་གྱི་ མི་རློབས་མང་ཤོས་ཡོད་མི་ ཨུ་ཏར་པར་དེཤ་མངའ་སྡེའི་ནང་ མི་གྲངས་ ༢༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
དེ་མ་ཚད་ ཁྱིམ་ཚང་རྒྱལ་ཁབ་ ནེ་པཱལ་ལུ་ཡང་ གློག་ཀེམ་དང་ ཆརཔ་ཤུགས་སྦེ་ རྐྱབ་པ་ལུ་བརྟེན་ཏེ་ མི་གྲངས་ ༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་པའི་སྐོར་ལས་ རྒྱལ་ཡོངས་རྐྱེན་ངན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྒྱ་གར་གྱི་ གནམ་གཤིས་ཡིག་ཚང་ལས་ སྤྱི་ཟླ་ ༤ པའི་ཚེས་ ༡༡ ཚུན་ལུ་ རྒྱ་གར་གྱི་ དབུས་ཕྱོགས་དང་ ཤར་ཕྱོགས་ཁ་ཐུག་ལུ་ རླུང་འཚུབ་དང་ གློག་ཀེམ་ཚུ་གི་ སྔོན་དཔག་ཡང་འབད་ནུག།
རྒྱ་གར་གྱི་ ལྷོ་ཕྱོགས་ཁ་ཐུག་ལུ་ གནམ་བྱཱར་གྱི་ དུས་ཚོད་དེ་ སྤྱིར་བཏང་ལུ་ སྤྱི་ཟླ་ ༦ པའི་ནང་ལས་ འགོ་བཙུགས་དོ་ཡོདཔ་ད་ དུས་ཅི་ སྤྱི་ཟླ་ ༤ པའི་ནང་ དྲོད་ཚད་ཡང་ མཐོ་དྲགས་སྦེ་ འོང་ནི་ཨིན་པའི་ སྔོན་དཔག་འབད་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: