ཐིམ་ཕུ་སྤང་རི་ཟམ་གདོང་ རྩིས་གཞུང་མཐོ་རིམ་སློབ་གྲྭའི་ནང་ བསྟན་སྤྱིའི་སྐུ་རིམ་ འབྱུང་བ་སྤྱི་མདོས།

མགོན་པོ་རྡོ་རྗེ།
ད་རེས་ ཐིམ་ཕུ་སྤང་རི་ཟམ་གདོང་ འབྲུག་ཕོ་བྲང་ལྡིངས་ རྩིས་གཞུང་མཐོ་རིམ་སློབ་གྲྭའི་ནང་ གཞུང་གྲྭ་ཚང་གི་ ཚོགས་ཀྱི་སློབ་དཔོན་སྐུ་བགྲེས་ རྡོ་རྗེ་རིན་ཆེན་མཆོག་ དབུ་བཞུགས་ཐོག་ལུ་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༢༦༥ དེ་ཅིག་གིས་ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་མི་ བསྟན་སྤྱིའི་སྐུ་རིམ་ འབྱུང་བ་སྤྱི་མདོས་ གནང་དོ་ཡོདཔ་ཨིན་པས།
དེ་ཡང་ རང་ཟླ་ ༢ པའི་ཚེས་ ༢༠ སྤྱི་ཟླ་ ༤ པའི་ཚེས་ ༡༨ ལས་ འགོ་བཙུགས་ཏེ་ རང་ཟླ་ ༢ པའི་ཚེས་ ༢༩ སྤྱི་ཟླ་ ༤ པའི་ཚེས་ ༢༦ ཚུན་ ཉིན་གྲངས་ ༩ གི་རིང་ལུ་ འབྱུང་བ་སྤྱི་མདོས་དང་ མི་ཁ་ཁྲམ་མདོས་ མཐུན་གསུམ་ བདུན་ཟུར་ སྤར་ཁ་དང་ སྨེ་བའི་དགུ་མིག་ དུར་མིག་ རྒྱལ་མདོས་ བཙན་མདོས་ བདུད་མདོས་ ཀླུ་མདོས་ སྨན་མདོས་ མཚོ་སྨན་དགུ་མདོས་ ས་སྒོ་ གནམ་སྒོ་ཚུ་གི་ གསུང་ཆོག་ཚུ་ གནངམ་ཨིན་པས།
རྩིས་གཞུང་མཐོ་རིམ་སློབ་གྲྭ་གིས་ ཁྱབ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དད་ཅན་ཕོ་མོ་ཚུ་གིས་ རང་སོའི་གཟུགས་ཁ་ལས་ གླུད་འཕྱི་སྟེ་ སྐུ་གླུད་ནང་ བཙུགས་ཞིནམ་ལས་ ཐུགས་སྨོན་གནང་པ་ཅིན་ དུས་ཅི་ གནམ་ལོ་ཤིང་སྦྲུལ་ལོར་ བཟློག་ཐབས་རིམ་གྲོ་ཚུ་ ལོགས་སུ་སྦེ་ བསྒྲུབ་མ་དགོ་པའི་ཁར་ སྲོག་ལུས་ དབང་རླུང་ རྒུད་མི་ཚུ་ལུ་ཡང་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིན་པས།
དེ་བཟུམ་མའི་ སྐུ་རིམ་གནང་མི་དེ་ཡང་ སྤྱིར་འཛམ་གླིང་ནང་དང་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ནང་ འབྱུང་བཞིའི་གནོད་པ་ཚུ་ ཞི་ཐོག་ལས་ ཞི་བདེ་འབྱུང་ཐབས་ལུ་དང་ ལྷག་པར་དུ་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་མེས་སྲས་ ༣ གྱིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་དང་ བློན་འབངས་ག་ར་ སྐུ་ཚེ་ཞབས་པད་ བརྟན་ཐབས་ལུ་ཨིན་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: