དགེ་ལེགས་ཕུག་ ཆོས་འཁོར་གླིང་ལུ་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ ལྷ་ཁང་གསར་བཞེངས།

སྤྱི་ཟླ་ ༤ པའི་ཚེས་ ༢༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ ཆོས་འཁོར་གླིང་ལུ་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ ལྷ་ཁང་བཞེངས་ནིའི་དོན་ལས་ ས་བསླང་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ནུག།

དེ་ཡང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་སྦུག་ལུ་ ཆགས་ཏེ་ཡོད་མི་ ལྷ་ཁང་དེ་ མི་དབང་མངའ་ཞབས་མཆོག་གིས་ སྐུ་སྒེར་རྩོལ་སྒྲུབ་ཐོག་ལས་ བཞེངས་གནང་ནི་ཨིནམ་ད་ གུ་རུ་སྣང་སྲིད་ཟིལ་གནོན་དེ་ གུ་རུ་རིན་པོ་ཆེའི་ དབང་ཤུགས་དང་ལྡན་པའི་ རྣམ་སྤྲུལ་ཨིནམ་ལས་ ལྷ་ཁང་གསར་བཞེངས་དེ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ བར་ཆད་ག་ནི་ཡང་མེད་པར་ ལེགས་ཤོམ་སྦེ་ འགོ་བཙུགས་ཚུགས་ནི་དང་ རྒྱལ་ཁབ་དང་ མི་སེར་ དེ་ལས་ འགྲོ་བ་རིགས་དྲུག་གི་ སེམས་ཅན་ག་ར་ལུ་ ཡུན་ཐུབ་ཅན་གྱི་ ཕན་ཐོགས་འབྱུང་ཐབས་ལུ་ཨིན་པས།

ལྷ་ཁང་དེ་ བུམ་ཐང་སྐུ་རྗེས་ཀྱི་ གུ་རུའི་ལྷ་ཁང་བཟུམ་སྦེ་ བཞེངས་གནང་ནི་ཨིནམ་ད་ སྐུ་རྗེས་ལྷ་ཁང་དེ་གིས་ རྒྱལ་རབས་ཀྱི་ དུས་ཚོད་གལ་ཆེ་ཤོས་ཚུ་ནང་ འབྲུག་ལུ་ ཉེན་སྲུང་འབད་དེ་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: