
རོའི་ཊརཛ།
སྤྱི་ཟླ་ ༤ པའི་ཚེས་ ༢༣ ལུ་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་གར་གྱི་མངའ་སྡེ་ ཇམ་མུ་དང་ ཀཤ་མིར་ལུ་ དོགས་པ་ཅན་གྱི་ གཡིབ་དམག་ཚུ་གིས་ ལྟ་བཤལཔ་ཚུ་ལུ་ ཁྲོབ་མདའ་རྐྱབ་ཡོདཔ་ལས་ མི་གྲངས་ ༢༦ ལུ་ ཤི་རྐྱེན་དང་ ༡༧ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།
རྐྱེན་ངན་དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ མཛེས་སྡུག་ཅན་གྱི་ ཧི་མ་ལ་ཡའི་ སྤྱི་མཐུན་མངའ་ཁོངས་ ས་གནས་པ་ཧཱལ་གམ་ཟེར་མིའི་ རྩྭ་ཐང་ཅིག་ནང་ བྱུང་ཡོདཔ་ད་ དེ་བསྒང་ ཤི་རྐྱེན་བྱུང་མི་ཚུ་ཡང་ རྒྱ་གར་གྱི་ མི་ཁུངས་ ༢༥ དང་ ནེ་པཱལ་གྱི་ མི་ཁུངས་ ༡ ཨིནམ་སྦེ་བཀོད་ནུག།
ད་རེས་ཀྱི་ རྐྱེན་ངན་དེ་ སྤྱི་ལོ་ ༢༠༠༨ ལོར་ མུམ་བཱའི་ལུ་ གནོད་འཚུབ་བཀལ་བའི་ཤུལ་ལས་ རྒྱ་གར་གྱི་ མི་སེར་ཚུ་ལུ་ གནོད་སྐྱོན་སྦོམ་ཤོས་ཅིག་ཨིནམ་ད་ འདས་པའི་ལོ་ཚུ་ནང་ ཀཤ་མིར་ལུ་ ངོ་རྒོལ་འབད་མི་མེད་པར་ ཞི་བདེའི་ངང་ལུ་ གནས་ཡོདཔ་ཨིན་པས།
རྐྱེན་ངན་དེ་ལུ་བརྟེན་ཏེ་ བློན་ཆེན་ན་རེན་ད་ར་ མོ་དི་མཆོག་གི་ སཱའུ་དི་ཨ་ར་བི་ཡ་ལུ་ ཉིན་གྲངས་ ༢ ཀྱི་ གཟིགས་སྐོར་ལས་རིམ་དེ་ མར་ཕབ་ཐོག་ལས་ སྤྱི་ཟླ་ ༤ པའི་ཚེས་ ༢༣ གྱི་དྲོ་པར་ ནིའུ་ལྡི་ལི་ལུ་ ལོག་ཕེབས་ནུག།
དེ་མ་ཚད་ དཀའ་ངལ་ཅན་དང་ རྐྱེན་ངན་ཅན་གྱི་ དུས་ཚོད་ནང་ མི་སེར་ཚུ་དང་གཅིག་ཁར་ སྡོད་ནིའི་དོན་ལས་ དངུལ་རྩིས་བློན་པོ་ ཨམ་ནིར་མ་ལ་ སི་ཐ་ར་མཱན་གྱིས་ ཡུ་ཨེཛ་དང་ པེ་རུ་ལུ་ གཟིགས་སྐོར་གནང་ནི་གི་ ལས་རིམ་དེ་ཡང་ མར་ཕབ་འབད་ཡི་ཟེར་ཨིན་པས།
བློན་ཆེན་མོ་དི་མཆོག་ ལྡི་ལི་གནམ་ཐང་ནང་ ལོག་ཕེབས་མ་ཐག་ཏུ་ རྒྱལ་ཡོངས་སྲུང་སྐྱོབ་གྲོས་དཔོན་དང་ ཕྱི་འབྲེལ་བློན་པོ་གིས་གཙོས་པའི་ འགོ་དཔོན་གཞན་ཚུ་དང་གཅིག་ཁར་ ཞལ་འཛོམས་ཚོགས་གནང་ཡོདཔ་མ་ཚད་ དམིགས་བསལ་གྱི་ བདེ་སྲུང་ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ཡང་ ཚོགས་གནང་ནུག།
རྒྱ་གར་གྱི་ ཉེན་སྲུང་ལས་སྡེ་ཚུ་གིས་ དེ་བཟུམ་མའི་ གནོད་འཚུབ་བཀལ་མི་དེ་ པཱ་ཀིཛ་ཏཱན་ལུ་ཡོད་མི་ ལཱཤ་ཀར་ཨི་ཊའི་བཱ་དང་ ཧིཛ་བཱུལ་མ་ཇུ་ཧི་ཌིན་ཟེར་མི་ གཡིབ་དམག་སྡེ་ཚན་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1319
Users Yesterday : 1729
This Month : 5121
This Year : 185024
Total Users : 896840
Views Today : 3386
Total views : 2633703
Who's Online : 7